ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༢ རེས་གཟའ་ཕུར་བུ།
༄༅། །མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་འདུ་ཐེངས་ ༤༤ དེ་བཞིན་ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༣༠ ནས་འགོ་བཙུགས་ཀྱིས་ཟླ་ ༧ ཚེས་ ༢༡ བར་འཚོགས་རྒྱུ་ཡིན་པ་དང་། ཐེངས་འདིའི་ཚོགས་འདུའི་སྐབས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་དང་ཏོག་དབྱིབས་གཉན་རིམས་ཀྱི་ཤུགས་རྐྱེན་སོགས་གཞི་རྒྱ་ཆེ་བའི་གནད་དོན་ཁག་གཅིག་གི་སྙན་ཐོ་སྐོར་བསྐྱར་ཞིབ་གནང་གཏན་འཁེལ་ཡོད།
དེ་ཡང་རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པ་དང་། རྒྱ་ནག་གི་ཚོང་རྫས་ཉོ་ཚོང་མཚམས་འཇོག་དགོས་པའི་གལ་གནད། རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་སོགས་ཀྱི་སྐོར་གོ་རྟོགས་སྤེལ་སླད་སུད་སིའི་ནང་གནས་སྡོད་བོད་མི་བློ་བཟང་དར་རྒྱལ་ལགས་ཀྱི་སྣེ་ཁྲིད་འོག་རྡོ་རྗེ་དངོས་གྲུབ་ལགས་དང་། བསྟན་རྣམ་ལགས། བཀྲ་ཤིས་རྣམ་རྒྱལ་ལགས་བཅས་ནས་ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༢༥ ཉིན་སུད་སི་རྒྱལ་ས་བྷན་ Bern ནས་འགོ་བཙུགས་ཀྱིས་ཇི་ནི་ཝ་གྲོང་ཁྱེར་བར་སྤྱི་ལེ་ ༡༦༠ ཙམ་ལ་ཞི་བའི་གོམ་བགྲོད་གནང་སྟེ་ཕྱི་ཚེས་ ༣༠ ཉིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་འདུ་ཐེངས་ ༤༤ འགོ་འཛུགས་ཉིན་མོ་དང་བསྟུན་ལེགས་པར་མཇུག་སྒྲིལ་ཡོད།
སུད་སིའི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་དང་། ལས་བྱེད་བསོད་ནམས་མཐར་ཕྱིན་ལགས། འཕྲིན་ལས་ཆོས་སྐྱིད་ལགས། དེ་བཞིན་བོད་རིགས་སྤྱི་མཐུན་ཚོགས་པ་དང་བོད་ཀྱི་གྲོགས་པོ་སོགས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད། ཞི་བའི་གོམ་བགྲོད་པ་རྣམ་པ་དང་འཕྲིན་ལས་ཆོས་སྐྱིད་ལགས་བཅས་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ UN High Commissioner for Human Rights གི་སྐུ་ཚབ་དང་ཐུག་འཕྲད་ཀྱིས་ཞུ་ཡིག་ཅིག་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་གཙོ་ལྕམ་སྐུ་མི་ཤེ་ལེ་བྷ་ཤེ་ལེ་ཊི་ Michelle Bachelet མཆོག་གི་མཚན་ཐོག་ཏུ་ཕུལ་ཡོད། ཞུ་ཡིག་དེའི་ནང་། རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་གཙོ་མཆོག་གིས་རྒྱ་ནག་གཞུང་ལ་རང་དབང་གི་དངོས་ཡོད་རྟོག་ཞིབ་ཚོགས་ཆུང་ཞིག་བོད་ནང་ཕེབས་འཇུག་དགོས་པའི་སྐོར་ནན་བརྗོད་དང་། ཚོགས་གཙོ་མཆོག་འབྱུང་འགྱུར་རྒྱ་ནག་ལ་གཟིགས་སྐོར་དུ་ཕེབས་སྐབས་བོད་ནང་གཟིགས་སྐོར་དུ་ཕེབས་རོགས་གནང་། ཞེས་དང་།
རྒྱལ་ཚོགས་ཀྱི་དམིགས་བསལ་ལས་དོན་ཚོགས་ཆུང་གི་རང་དབང་གི་ཆེད་མཁས་པ་གྲངས་ ༥༠ ཙམ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ལ་རྒྱ་ནག་གཞུང་གིས་བོད་དང་། ཧོང་ཀོང་། ཤར་ཏུར་ཀི་སི་ཐན་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་སྲུང་སྐྱོབ་ལག་བསྟར་བྱེད་ཕྱོགས་སྐོར་ཛ་དྲག་གི་རྟོག་ཞིབ་གནང་དགོས་པའི་འབོད་སྐུལ་གནང་བར། ང་ཚོའི་ངོས་ནས་རྗེས་སུ་ཡི་རངས་དང་རྒྱབ་སྐྱོར་ཤུགས་ཆེ་ཞུ་བཞིན་ཡོད།
ང་ཚོས་ཚོགས་གཙོ་མཆོག་དང་། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་། རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་བཅས་ལ་རྒྱལ་ཚོགས་ཀྱི་དམིགས་བསལ་ལས་དོན་ཚོགས་ཆུང་གི་རང་དབང་གི་ཆེད་མཁས་པ་གྲངས་ ༥༠ ཙམ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ལ་རྒྱ་ནག་གཞུང་གིས་བོད་དང་། ཧོང་ཀོང་། ཤར་ཏུར་ཀི་སི་ཐན་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་སྲུང་སྐྱོབ་ལག་བསྟར་བྱེད་ཕྱོགས་སྐོར་ཛ་དྲག་གི་རྟོག་ཞིབ་གནང་དགོས་པའི་འབོད་སྐུལ་གནང་བ་དེར་དོ་སྣང་གཟབ་ནན་གནང་དགོས་པའི་འབོད་སྐུལ་ཤུགས་ཆེ་ཞུ་བཞིན་ཡོད། ཅེས་དོན་ཚན་གསུམ་འཁོད་ཡོད།།