ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡༠ རེས་གཟའ་པ་སངས།
༄༅། །རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་འདི་བཞིན་འཛམ་གླིང་ས་ཕྱོགས་གང་སར་ཁྱབ་བརྡལ་འགྲོ་བཞིན་ཡོད་པ་མ་ཟད། རྒྱ་གར་ནང་དུའང་དེ་བཞིན་ཁྱབ་བརྡལ་གྱིས་ཛ་དྲག་གི་གནས་སྟངས་སྐབས་ཕྱི་ཟླ་ ༣ པའི་ནང་རྒྱ་གར་དབུས་གཞུང་གིས་ནད་ཡམས་སྔོན་འགོག་སླད་ཤེས་ཡོན་སློབ་གཉེར་ཁང་ལ་སོགས་སྒོ་བརྒྱབ་དགོས་བྱུང་ཡོད་ལྟར། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཀྱང་སྒོ་བརྒྱབ་ཡོད་པ་དང་། རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ལྷག་མ་རྣམས་ཕྱི་ཟླ་ ༧ ཚེས་ ༡་་་་་༡༥ བར་འཕར་འགྱངས་གནང་བར་བརྟེན་འཛིན་རིམ་བཅུ་གཉིས་སློབ་ཕྲུག་རྣམས་རང་རང་སོ་སོའི་སློབ་གྲྭར་བསྡད་དགོས་བྱུང་ཡོད། རྒྱ་གར་ནང་ནད་ཡམས་ཕོག་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པར་བརྟེན། རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་དེ་བཞིན་ཕྱིར་འཐེན་གནང་ཡོད་སྟབས།
སློབ་ཕྲུག་སོ་སོའི་ཕ་མས་འབོད་སྐུལ་ཞུས་པ་བཞིན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་སེ་ལ་ཁུའི་དང་སྦེལ་ཀོབ་བོད་ཁྱིམ་སློབ་སྤྱི་དང་ལྷན་དུ་སློབ་ཕྲུག་རྣམས་ཇི་ལྟར་སོ་སོའི་རང་ཁྱིམ་དུ་ཕྱིར་ཕེབས་ཆོག་མིན་ཐད་གོ་བསྡུར་གནང་ཞིང་། སྐབས་དེར་སྦེལ་ཀོབ་ལུགས་བསམ་ས་གནས་འགོ་འཛིན་ལས་ཁུངས་ནས་སྤྱི་སྤྱོད་རླངས་འཁོར་གྱི་མཐུན་རྐྱེན་དང་། རྡ་ས་ས་གནས་འགོ་འཛིན་གྱིས་ཀངྒ་ར་མངའ་སྡེའི་ནང་འཛུལ་ཆོག་པའི་བཀའ་ཁྲོལ་ལ་སོགས་ཀྱི་མཐུན་རྐྱེན་བསྐྲུན་གནང་ཡོད།
བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་ཏོག་དབྱིབས་གཉན་རིམས་ཛ་དྲག་ངལ་སེལ་ཚོགས་ཆུང་ཀྱི་ལམ་སྟོན་དང་། སློབ་གྲྭའི་སློབ་སྤྱི་དང་ས་གནས་འགོ་འཛིན་ལས་ཁུངས་ཀྱི་མཐུན་འགྱུར་འོག་ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༢ ཉིན་སེ་ལ་ཁུའི་བོད་ཁྱིམ་སློབ་ཕྲུག་གྲངས་ ༢༧ དང་སྦེལ་ཀོབ་སློབ་ཕྲུག་གྲངས་ ༢༥ བཅས་ཁྱོན་སློབ་ཕྲུག་ ༥༢ རྡ་སར་འབྱོར་ཐུབ་པ་བྱུང་ཡོད།
ད་ཆ་སློབ་ཕྲུག་རྣམས་བོད་མིའི་སྒྲིག་འཛུགས་ཀྱི་གོ་སྒྲིག་གནང་བའི་ཤེས་རབ་དགའ་ཚལ་སློབ་གླིང་གི་འགོག་དབྱེ་ཟུར་འཇོག་ཁང་དང་དབུས་སྣེ་ལེན་ཁང་གི་ཟུར་འཇོག་ཁང་དུ་བཞུགས་མུས་ཡིན་པ་བཅས། །