ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡༥ རེས་གཟའ་ལྷག་པའི་ཉིན་བཞུགས་སྒར་རྡ་སའི་ཉེ་འདབས་སུ་ཆགས་པའི་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ཀྱི་ཁྱབ་ཁོངས་དབུས་སྣེ་ལེན་འབྲེལ་མཐུད་ཁང་དང་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་འགོག་དབྱེ་ཟུར་འཇོག་ཏུ་བཞུགས་པའི་བོད་མི་རྣམས་ལ་ཏོག་དབྱིབས་གཉན་རིམས་ཡོད་མེད་རྡ་ས་བདེ་ལེགས་སྨན་ཁང་གི་སྨན་པས་བརྟག་དཔྱད་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཡོལ་ཙམ་ལ་རྡ་ས་བདེ་ལེགས་སྨན་ཁང་གི་སྨན་པ་གཉིས་དང་། ཁྲག་ལུད་བརྟག་དཔྱད་པ་གཅིག་བཅས་དབུས་སྣེ་ལེན་འབྲེལ་མཐུད་ཁང་དང་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་བརྟག་དཔྱད་ཁང་ཞིག་ཟུར་འཛུགས་གནང་ཡོད་པ་དེར་ཆེད་ཕེབས་ཀྱིས་འགོག་དབྱེ་ཟུར་འཇོག་ཁང་དུ་ཡོད་པའི་མི་གྲངས་ ༡༢ ཙམ་གྱི་སྣ་མིད་ནས་མཆིལ་མ་བསྡུ་ལེན་གནང་སྟེ་མཐའ་མའི་བརྟག་དཔྱད་སླད་ཀངྒ་ར་རྫོང་ཊན་ཌ་སྨན་ཁང་དུ་བསྐུར་གནང་ཡོད།
སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་དང་། དབུས་སྣེ་ལེན་འབྲེལ་མཐུད་ཁང་དང་འཛིན་སྐྱོང་སྦྱོང་བརྡར་ཁང་གི་འགན་འཛིན་གཅིག་ལྕོགས་གྱང་གསར་ཚེ་རིང་དོན་གྲུབ་ལགས། འགོག་དབྱེ་ཟུར་འཇོག་ཁང་གི་འབྲེལ་མཐུད་པ་བསྟན་འཛིན་ཀུན་བཟང་ལགས་བཅས་ཕེབས་ཡོད།
སྤྱིར་ཏོག་དབྱིབས་ནད་འབུ་ཡོད་མེད་བརྟག་དཔྱད་སླད་སྣ་མིད་ནས་མཆིལ་མ་ལེན་རྒྱུའི་སྦྱོང་བརྡར་ཉེ་སྔོན་ཧོན་སུར་རབ་རྒྱས་གླིང་ཕན་བདེ་སྨན་ཁང་གི་སྨན་ཞབས་པ་གསུམ་ལ་སྦྱོང་བརྡར་གནང་སྟེ་ད་ཆ་ལས་འཁུར་ཞུ་བཞིན་ཡོད་པ་དང་། རྡ་ས་ཁུལ་དུའང་བདེ་ལེགས་སྨན་ཁང་གི་སྨན་པ་གསུམ་ལ་ཆེད་མངགས་སྦྱོང་བརྡར་གནང་སྟེ་ད་རེས་བརྟག་དཔྱད་དངོས་སུ་འགོ་འཛུགས་གནང་ཡོད་པ་བཅས། །