ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡༧ རེས་གཟའ་པ་སངས།
༄༅། །འདི་གར་ཐེ་ཝན་དོན་ཁང་ནས་ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡༧ ཉིན་བཏང་གནས་ནང་འཁོད་དོན། ཐེ་ཝན་དོན་ཁང་གི་ཆོས་དགེ་ཟུར་པ་དགེ་བཤེས་དམ་པ་བྱམས་པ་རྒྱ་མཚོ་ལགས་འདི་ཚེས་ ༡༤ ཕྱེད་ཡོལ་ཆུ་ཚོད་ ༢།༤༠ ཐོག་ཐེ་ཝན་ནང་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་ལ། ཁོང་སྐུ་གཤེགས་ཏེ་ཕྱི་ཚེས་ ༡༧ བར་ཉིན་གྲངས་ལྔ་ཕྱིན་ཡང་ད་དུང་མུ་མཐུད་སྐུ་ཐུགས་དམ་ལ་བཞུགས་ཡོད་པའི་ངོ་མཚར་བའི་གནས་ཚུལ་བྱུང་ཡོད།
དགེ་བཤེས་བྱམས་པ་རྒྱ་མཚོ་ལགས་ཕྱི་ཚེས་ ༡༣ དགོང་དྲོ་སྐུ་ཁམས་མི་བདེ་བ་བྱུང་ནས་ཐེ་པེ་སྨན་ཁང་ནང་སྐྱེལ་ཞིང་། ཕྱི་ཉིན་སྔ་དྲོ་ཐེ་ཝན་དོན་ཁང་ནས་དགའ་ལྡན་ཕོ་བྲང་དྲུང་ཆེ་བརྒྱུད་ཐུགས་སྨོན་སྐྱབས་འཇུག་ཞུས་པར། ༸གོང་ས་མཆོག་ནས་ཁོང་ངའི་ངོ་ཤེས་རེད། མི་ཡག་པོ་ཞིག་ཡོད་ཅེས་བཀའ་སློབ་སྩལ་བ་དང་ཐུགས་སྨོན་སྩལ་རྒྱུ་མ་ཟད། སྒྲོལ་མའི་གཟུངས་སྔགས་འདོན་དགོས་པ་སོགས་བཀའ་ཕེབས་ཡོད། དེ་ཉིན་ཕྱི་དྲོ་དགོངས་པ་རྫོགས་འཕྲལ་བསྐྱར་དུ་དགའ་ལྡན་ཕོ་བྲང་དྲུང་ཆེ་བརྒྱུད་སྙན་སེང་ཞུས་ནས་དེ་རིང་བར་ཉིན་གྲངས་ལྔ་སོང་བ་དང་། ཐེ་ཝན་ནི་དབྱར་དུས་ཚ་བ་ཆེ་སྒང་ཡིན་རུང་སྐུ་ཕུང་ལ་དྲི་མ་ཕོག་པ་སོགས་བྱུང་མེད་པར་རང་འཇགས་ཐུགས་དམ་ལ་བཞུགས་ཡོད་པ་སེར་བྱེས་དགེ་བཤེས་སོགས་ནས་གསུང་དོན་བཞིན་སྙན་སེང་ཞུས།
དགེ་བཤེས་བྱམས་པ་རྒྱ་མཚོ་ལགས་ ༡༩༣༤ ལོར་བོད་ཀྱི་རྒྱལ་ས་ལྷ་སར་སྐུ་འཁྲུངས་པ་དང་། ཕྱི་ལོ་ ༡༩༥༩ ལོར་བོད་ནང་རྒྱ་ནག་དམར་པོའི་གཞུང་གི་བཙན་གནོན་འོག་ངལ་རྩོལ་བསྒྱུར་བཀོད་རྭ་བ་ཟེར་བའི་ནང་ལོ་ངོ་ཉི་ཤུ་ལྷག་རིང་ཞིང་ལས་དང་། ཕག་གསོ། རྡོ་བཤག་སོགས་མནར་གཅོད་མྱངས་བ་དང་། བོད་ནང་ཅུང་གུ་ཡངས་ཀྱི་སྲིད་བྱུས་ལག་བསྟར་སྐབས་བཙོན་གྲོལ་ཐོབ་ནས་ལོ་བཅོ་ལྔ་ཙམ་རིང་ནོར་བུ་གླིང་ཁ་དང་ཕོ་བྲང་པོ་ཏ་ལ་ནང་བོད་ཀྱི་ཕྱག་དཔེ་རྙིང་པ་ཕྱོགས་སྒྲིག་སོགས་གནང་།
ཕྱི་ལོ་ ༡༩༩༤ ལོར་བཙན་བྱོལ་དུ་ཕེབས་པ་དང་༸གོང་ས་མཆོག་གི་མཇལ་ཁ་ཞུས་ཏེ་༸རྒྱལ་བའི་བཀའ་དགོངས་བཞིན་བཞུགས་སྒར་ཕོ་བྲང་ནང་ཕྱག་དཔེའི་དཀར་ཆག་ཕྱོགས་སྒྲིག་དང་། རྣམ་རྒྱལ་གྲྭ་ཚང་གི་ཕྱག་དཔེ་དང་རིག་གནས་དགེ་རྒན་ལོ་གསུམ་ཙམ་གནང་། ཕྱི་ལོ་ ༡༩༩༨ ལོར་ཐེ་ཝན་ནང་༸གོང་ས་མཆོག་གི་མཚན་ཐོག་ཐེ་ཝན་དོན་ཁང་གསར་འཛུགས་སྐབས་དོན་ཁང་གི་ནང་ཆོས་འཛིན་གྲྭའི་ཆོས་དགེར་ཐད་བསྐོ་གནང་བ་དང་། དུས་ཡུན་རྫོགས་རྗེས་ཐེ་ཝན་ནང་མུ་མཐུད་བཀའ་འབྲེལ་ཕྱག་དཔེ་ཡིག་སྒྱུར་དང་། ཞོར་དུ་ནང་ཆོས་སློབ་ཁྲིད་གནང་ཞིང་། སློབ་མ་ཚོར་བོད་དོན་ངོ་སྤྲོད་དང་། བོད་བརྒྱུད་ནང་བསྟན་སྲུང་སྐྱོབ་ནི་ནང་པ་ཚང་མའི་འགན་དབང་ཡིན་པ་སོགས་ལམ་སྟོན་ཡང་ཡང་གནང་བའི་དབང་གིས་ཁོང་གི་སློབ་མ་རྣམས་ནི་ཐེ་ཝན་ནང་བོད་བརྒྱུད་ནང་པ་ཁྲོད་ནས་བོད་དོན་ལས་འགུལ་ཁག་ནང་མཉམ་ཞུགས་བྱེད་མཁན་མང་ཤོས་དེ་ཆགས་ཡོད།
དེ་ཡང་ཕྱི་ཟླ་ ༧ ཚེས་ ༤ ཉིན་ཐེ་ཝན་དོན་ཁང་ནས་གོ་སྒྲིག་ཞུས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་ཉིན་ལ་དགེ་བཤེས་ལགས་མཉམ་ཞུགས་དང་། དོན་ཁང་གི་ལས་བྱེད་རྣམས་ལ་ཤུགས་རྒྱག་དགོས་པའི་སྐུལ་མ་གནང་བ་སོགས་བྱུང་རུང་། མི་རྟག་པའི་རང་བཞིན་གྱིས་ཚེས་ ༡༤ ཉིན་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བ་བཅས། །