ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༢༣ རེས་གཟའ་ཕུར་བུ།
༄༅། །རྒྱ་ནག་དབུས་གཞུང་གི་རྒྱ་ནག་རྒྱལ་སྤྱིའི་གཞུང་འབྲེལ་ཨིན་ཡིག་གསར་འགྱུར་ལས་ཁང་ China Global Television Network ཞེས་པའི་ནང་། ཉེ་ཆར་ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡༤ ཉིན་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས། བོད་ཀྱི་དབུལ་ཕོངས་ངལ་སེལ་གྱི་གྲུབ་འབྲས་དང་འབྱུང་འགྱུར་གྱི་རེ་བ་ཞེས་པའི་བརྗོད་གཞིའི་ཐོག་རྒྱ་ནག་གི་ཁྲུན་ཆིན་གྲོང་ཁྱེར་དུ་བགྲོ་གླེང་ཚོགས་འདུ་འཚོགས་པ་དང་། དེ་བཞིན་ཕྱི་ཟླ་ ༧ ཚེས་ ༡༥ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་བོད་ཀྱི་རིག་གནས་རྒྱུན་འཛིན་དང་ཆོས་ལུགས་དད་མོས་ཞེས་པའི་སྐོར་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་འཚོགས་ཡོད། ཅེས་འཁོད་ཡོད།
བོད་དོན་སྐོར་རྫུན་བཟོས་བགྲོ་གླེང་ཚོགས་འདུ་རིམ་པ་འཚོགས་པ་དེ་དག་ནི། སུད་སིའི་ཇི་ནི་ཝའི་གྲོང་ཁྱེར་ནང་ད་ལྟ་འཚོགས་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་འདུ་ཐེངས་ ༤༤ པའི་ཐོག་རྒྱ་ནག་གིས་རང་གི་ངོ་གདོང་སྲུང་སྐྱོབ་སླད་འབད་བརྩོན་བྱས་པ་ཙམ་རེད། ཁྲུན་ཆིན་གྲོང་ཁྱེར་དུ་རྒྱ་ནག་དམར་ཤོག་ཚོགས་པའི་དབང་སྒྱུར་འོག་འདས་པའི་ལོ་ངོ་ ༦༠ རིང་བོད་དང་བོད་མིའི་སྤྱི་ཚོགས་འཕེལ་རྒྱས་དང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ། དབུལ་ཕོངས་ངལ་སེལ་གྱི་གྲུབ་འབྲས་བཅས་ཀྱི་སྐོར་བགྲོ་གླེང་ཚོགས་འདུ་འཚོགས་པ་རེད། བགྲོ་གླེང་ཚོགས་འདུའི་སྟེང་རྒྱ་ནག་ས་མཚམས་ཞིབ་འཇུག་ལྟེ་གནས་ཁང་ China Border Research Institute གི་སུན་ཧོན་ཉིང་ (Sun Hongnian) དང་། ཆབ་སྲིད་དང་ཁྲིམས་ལུགས་ཀྱི་ལྷོ་ནུབ་མཐོ་སློབ་འགྲོ་བ་མིའི་ཐོབ་ཐང་ལྟེ་གནས་ཁང་ Institute of Human Rights of Southwest University of Political Science and Law གི་གཙོ་འཛིན་ཀྲང་ཡུན་ལེ་ (Zhang Yongle) སོགས་ཀྱིས་རྒྱ་ནག་དམར་ཤོག་གཞུང་གིས་བོད་ནང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་སོགས་ཀྱི་སྐོར་གཏམ་བཤད་བྱས། རྒྱུན་ལྡན་ལྟར་རྒྱ་ནག་གིས་བོད་ནང་དཔལ་འབྱོར་དང་། སྤྱི་ཚོགས་འཕེལ་རྒྱས། དབུལ་ཕོངས་ངལ་སེལ་ཆེད་དངུལ་འགྲོ་གྲོན་བཏང་ཡོད། ཅེས་བདེན་པ་དག་སྐྱེལ་བྱེད་ཐབས་བྱས་ཡོད།
ཕྱི་ལོ་ ༡༩༨༠ ནས་ ༢༠༢༠ བར་རྒྱ་ནག་དབུས་གཞུང་གིས་དཔལ་འབྱོར་གྱི་རོགས་དངུལ་སྔོན་རྩིས་རྒྱ་སྒོར་དུང་ཕྱུར་ཆིག་ཁྲི་དང་གྲངས་ཆུང་གཉིས་བཞི་ 1.24 trillion yuan བཏང་ཡོད། དེ་ནི་བོད་ནང་གི་སྤྱི་ཡོངས་འགྲོ་གྲོན་གྱི་བརྒྱ་ཆ་ ༩༡ ཆགས་ཀྱི་ཡོད་སྐོར་བཤད་ཡོད། འོན་ཀྱང་དཔལ་འབྱོར་གྱི་རོགས་དངུལ་དེ་དག་ནི་རྒྱ་ནག་གིས་དམག་མི་བརྒྱུད་དབང་ཆ་གཅིག་སྡུད་དང་བོད་མཐོ་སྒང་རྒྱ་ཡུལ་ཅན་ལ་བསྒྱུར་ཐབས་སུ་འགྲོ་གྲོན་བཏང་ཡོད་པ་མ་ཟད། དཔལ་འབྱོར་དེ་དག་རྒྱ་ནག་གི་དམག་སྡེ་དང་། བདེ་སྲུང་མི་སྣ། རྒྱ་རིགས་ལས་བྱེད་པ་སོགས་གསོ་སྐྱོང་སླད་དུ་བཏང་ཡོད་པ་ལས་བོད་ལ་ཕན་ཐོགས་བྱུང་མེད། རྒྱ་གར་གྱི་ས་མཚམས་སུ་རྒྱ་ནག་དུས་རྟག་ཏུ་བཙན་འཛུལ་གྱིས་རྒྱ་གར་ལ་དཀའ་ངལ་འཕྲད་དང་འཕྲད་བཞིན་ཡོད་པ་ནས་གསལ་པོ་ཤེས་ཐུབ། རྒྱ་ནག་གཞུང་གིས་རོགས་དངུལ་དེ་དག་བོད་ཀྱི་གཏེར་ཁ་གང་བྱུང་སྔོག་འདོན་དང་རྒྱུག་ཆུ་ཁག་རྒྱ་ནག་ལ་ནང་འདྲེན་བྱེད་པར་འགྲོ་གྲོན་གཏོང་གི་ཡོད།
དབུལ་ཕོངས་ངལ་སེལ་གྱི་ཐད་ནས་བཤད་ནའང་བོད་ནི་ལོ་རྒྱུས་ཐོག་ནས་ནམ་ཡང་དབུལ་ཕོངས་ཀྱི་ལུང་པ་ཞིག་མིན། བོད་མི་ཚོར་བཟའ་བཏུང་གིས་འདང་བ་ཡོད་པ་མ་ཟད། ནང་དོན་རིག་པར་སྤྱོད་ཐུབ་རྒྱུའི་སེམས་ཀྱི་ནུས་པའང་ཆེན་པོ་ཡོད། རྒྱ་ནག་གཞུང་གིས་བོད་ས་ཡོངས་རྫོགས་དབང་སྒྱུར་བྱས་པར་བརྟེན་ཕྱི་ལོ་ ༡༩༦༡ ནས་ ༡༩༦༤ བར་བོད་ནང་མུ་གེ་ཐེངས་གཅིག་དང་། ཕྱི་ལོ་ ༡༩༦༨ ནས་ ༡༩༧༣ བར་མུ་གེ་ཐེངས་གཅིག་བཅས་ཁྱོན་བོད་ནང་མུ་གེ་ཐེངས་གཉིས་བྱུང་སྟེ་བོད་མི་མང་པོའི་ཚེ་སྲོག་ཤོར་ཡོད། དེར་བརྟེན་རྒྱ་ནག་གཞུང་གིས་བོད་ཀྱི་དབུལ་ཕོངས་ངལ་སེལ་སྐོར་རྗོད་བཞིན་པ་དེ་རྒྱལ་སྤྱིའི་ཚོགས་སྡེ་ལ་མགོ་སྐོར་སླུ་ཁྲིད་ཁོ་ན་བྱེད་ཀྱི་ཡོད།
ཕྱི་ལོ་ ༡༩༨༠ ནང་རྒྱ་ནག་དབུས་གཞུང་གིས་བོད་ཀྱི་དགོན་སྡེ་གནད་འགག་ཆེ་ཁག་དང་རིག་གནས་ཤུལ་བཞག་རྣམས་ཉམས་གསོའི་སླད་རྒྱ་སྒོར་ཐེར་འབུམ་གཅིག་དང་གྲངས་ཆུང་བཞི་མ་དངུལ་བཏང་ཡོད་སྐོར་སྙན་ཐོའི་ནང་འཁོད་ཡོད། གལ་ཏེ་རྒྱ་ནག་གཞུང་གིས་བོད་ཀྱི་དགོན་སྡེ་གནད་འགག་ཆེ་ཁག་དང་རིག་གནས་ཤུལ་བཞག་རྣམས་ཉམས་གསོ་གང་དང་གང་། ག་དུས། ཇི་ལྟར་བྱས་པ་སོགས་མིག་གིས་མཐོང་རྒྱུ་ཡོད་པ་ཞིག་སྟོན་རྒྱུ་ཡོད་ན། རྒྱལ་སྤྱིའི་ཚོགས་སྡེ་དང་བོད་མི་ཚོས་དེར་རྗེས་སུ་ཡི་རངས་ཞུ་གི་རེད།
བོད་བརྒྱུད་ནང་བསྟན་ཉམས་ལེན་བྱེད་སའི་བསྟི་གནས་གྲངས་ ༡༧༨༧ ཙམ་དང་། གྲྭ་བཙུན་གྲངས་ ༤༦༠༠༠ ལྷག་གི་གྲྭ་ཤག་ཡོད་པ་མ་ཟད། བླ་སྤྲུལ་གྲངས་ ༣༥༨ ལྷག་ཡོད། ཅེས་རྒྱ་ནག་གིས་འུར་རྒྱག་གི་ཡོད། དོན་དངོས་སུ་རྒྱ་ནག་གིས་དབང་སྒྱུར་མ་བྱས་གོང་བོད་ལ་ཉུང་མཐའ་ཚད་ལྡན་གྱི་དགོན་སྡེ་གྲངས་ ༦༢༥༩ དང་། གྲྭ་བཙུན་གྲངས་ ༥༩༢༥༥༨ ཙམ་ཡོད། རྒྱ་ནག་གཞུང་གིས་ངེས་པར་དུ་དགོན་སྡེ་དང་གྲྭ་བཙུན་ཁག་གི་གྲངས་ཚད་ལྷག་མ་དེ་དག་ད་ལྟ་ག་པར་ཡོད་མིན་སྟོན་དགོས།
བགྲོ་གླེང་ཚོགས་འདུའི་སྟེང་ཆོས་དད་རང་དབང་ངོས་འཛིན་དང་ཁྲིམས་ཀྱིས་སྲུང་སྐྱོབ་བྱེད་ཀྱི་ཡོད། ཅེས་ནན་གྱིས་བཤད་ཡོད། རྒྱ་ནག་གཞུང་གིས་ཁྲིམས་ག་རེ་སྐོར་བརྗོད་ཀྱི་ཡོད་དམ། རྒྱ་ནག་དམར་ཤོག་ཚོགས་པར་མཚོན་ན་ཆོས་དུག་ཏུ་ལྟ་བཞིན་ཡོད་པ་མ་ཟད། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་རྣམས་ལ་ཆོས་ལུགས་གང་ཡང་ཉམས་ལེན་བྱེད་འཇུག་གི་མེད། རྒྱ་ནག་དམར་ཤོག་ཚོགས་པས་མི་མང་གི་ཆོས་དད་གནད་དོན་ཐད་ཁྲིམས་གཏན་འབེབས་བྱས་ཏེ་ཐེ་བྱུས་བྱེད་ཀྱི་ཡོད། ལྷག་པར་ཕྱི་ལོ་ ༢༠༠༧ ལོར་བཀོད་ཁྱབ་ཨང་ལྔ་པ་ཟེར་པ་ཞིག་བཏང་སྟེ་བོད་མིའི་ཆོས་དད་རང་དབང་ལ་རྩིས་མེད་རྡོག་རོལ་བཏང་ཡོད། རྒྱ་ནག་དམར་ཤོག་གཞུང་གིས་བོད་ཀྱི་ཆོས་ལུགས་དབུ་ཁྲིད་བླ་ཆེན་འདེམས་སྒྲུག་དང་ཆོས་འཆད་པ་སོགས་བྱེད་འཇུག་གི་ཡོད། དེ་ནི་དངོས་གནས་དྲང་གནས་ངོས་ལེན་བྱེད་ཐབས་བྲལ་བ་ཞིག་རེད།
རྒྱ་ནག་དབུས་གཞུང་གི་རྒྱ་ནག་རྒྱལ་སྤྱིའི་གཞུང་འབྲེལ་ཨིན་ཡིག་གསར་འགྱུར་ལས་ཁང་གིས་ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡༥ ཉིན་བོད་ཀྱི་རིག་གནས་རྒྱུན་འཛིན་དང་ཆོས་ལུགས་དད་མོས་སྐོར་གྱི་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། བགྲོ་གླེང་ཚོགས་འདུའི་སྟེང་རྒྱལ་སྤྱིའི་ཆེད་མཁས་པ་རྣམས་ནས་རྒྱ་ནག་གི་གྲངས་ཉུང་མི་རིགས་དང་ཆོས་ལུགས་སྲིད་བྱུས་བཅས་ཀྱི་གྲུབ་འབྲས་སྐོར་གླེང་སློང་བྱས་ཡོད་པ་མ་ཟད། འཛམ་གླིང་ཡོངས་ལ་རྒྱ་ནག་སྐོར་གོ་རྟོགས་ཡོང་སླད་སྒེའུ་ཁུང་གསར་པ་ཞིག་ཕྱེ་ཡོད། ཅེས་བརྗོད་ཡོད། གལ་ཏེ་རྒྱ་ནག་གིས་བོད་ཀྱི་རིག་གནས་རྒྱུན་འཛིན་དང་ཆོས་ལུགས་དད་མོས་སྐོར་སེམས་འཚབ་བྱེད་ཀྱི་ཡོད་ན། རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཏུ་བོད་ཡིག་གཞི་རྩ་འཇོག་དགོས་པ་དང་། དགོན་སྡེ་ཁག་ཏུ་གྲྭ་བཙུན་རྣམས་ལ་ཆོས་ཀྱི་སློབ་སྦྱོང་བྱེད་འཇུག་དགོས། དེ་བཞིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་ཀྱི་བླ་ཆེན་རྣམ་པའི་མ་འོངས་ཡང་སྲིད་འདེམས་སྒྲུག་ཐད་ཐེ་བྱུས་བྱ་འཆར་ཡོད་པ་མཚམས་འཇོག་བྱེད་དགོས།
སུད་སིའི་ཇི་ནི་ཝའི་གྲོང་ཁྱེར་ནང་ད་ལྟ་འཚོགས་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་འདུ་ཐེངས་ ༤༤ པའི་ཐོག་རྒྱལ་ཚོགས་ཀྱི་ཚོགས་མི་ཚོས་རྒྱ་ནག་ལ་སྐྱོན་བརྗོད་བྱེད་བཞིན་པར། རྒྱ་ནག་གཞུང་གིས་སྣང་ཆུང་དུ་བརྩིས་ཏེ། ཁྲུན་ཆིན་གྲོང་ཁྱེར་དང་པེ་ཅིང་དུ་བགྲོ་གླེང་ཚོགས་འདུ་གཉིས་འཚོགས་ནས་དྲིལ་བསྒྲགས་དང་འཁྲབ་སྟོན་པའི་རྣམ་འགྱུར་བསྟན་ཡོད། རྒྱལ་ཚོགས་ཀྱི་རང་དབང་ལྡན་པའི་མཁས་པ་གྲངས་ ༥༠ ཙམ་དང་། རྒྱལ་ཚོགས་ཀྱི་དམིགས་བསལ་ལས་དོན་ཚོགས་ཆུང་གི་ཆེད་མཁས་པ་གྲངས་ ༣༠ ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ལ་རྒྱ་ནག་གཞུང་གིས་རྒྱ་ནག་སྐམ་ས་ཆེན་པོ་དང་། ཧོང་ཀོང་། བོད། ཤར་ཏུར་ཀི་སི་ཐན་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པར་ཛ་དྲག་གི་རྟོག་ཞིབ་གནང་དགོས་པའི་འབོད་སྐུལ་གནང་ཡོད།
བགྲོ་གླེང་ཚོགས་འདུའི་ཐོག་རྒྱ་ནག་གིས་བོད་ནང་རིག་གཞུང་དང་ཆོས་དད་རང་དབང་ཡོད་སྐོར་བརྗོད་ཡོད། འོན་ཀྱང་ཉེ་ཆར་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོར་ཕ་མེས་ཡང་མེས་ནས་དར་བའི་ཆོས་ལུགས་ཀྱི་སྲོལ་རྒྱུན་རིག་གཞུང་དར་ལྕོག་འཛུགས་མི་ཆོག་པའི་བཙན་བཀའ་བཏང་ཡོད་པ་མ་ཟད། དར་ལྕོག་བཙུགས་ཟིན་པ་རྣམས་ཀྱང་མར་ཕབ་དགོས་པའི་བཙན་བཀའ་བཏང་ཡོད། དེ་བཞིན་གསེར་རྟ་བླ་རུང་སྒར་དང་ཡ་ཆེན་ཆོས་སྒར་གཏོར་བཤིག་བཏང་བ་དང་། གྲྭ་བཙུན་རྣམས་དགོན་པ་ནས་ཕྱིར་འབུད་བཏང་ཡོད། དགོན་སྡེ་ཁག་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ཚོས་སྟངས་འཛིན་བྱེད་བཞིན་ཡོད། བྱིས་པ་རྣམས་དགོན་སྡེ་ཁག་གི་ཆོས་ཕྱོགས་ཀྱི་བྱེད་སྒོར་མཉམ་ཞུགས་དང་མཆོད་མཇལ་སོགས་བྱེད་འཇུག་གི་མེད། བོད་མི་ཚོས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ཉར་ན་འཛིན་བཟུང་དང་མནར་སྤྱོད་གཏོང་གི་ཡོད།
ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་གཉན་འཕྲང་ཅན་གྱི་དུས་སྐབས་འདིར། རྒྱ་ནག་གཞུང་གིས་རྒྱ་ནག་ནང་ཁུལ་གྱི་རྙོག་གྲ་སེལ་ཐབས་དང་། རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་ལྷན་ཏོག་དབྱིབས་གཉན་རིམས་སྔོན་འགོག་བྱེད་རྒྱུའི་ཚབ་ལ་རྒྱ་ནག་གིས་དྲག་ཤུགས་ཀྱིས་དབང་སྒྱུར་བྱེད་ཀྱི་ཡོད། རྒྱ་ནག་གིས་རྒྱ་གར་ས་མཚམས་དང་ལྷོ་རྒྱ་ནག་རྒྱ་མཚོ་སོགས་ལ་འཁྲུག་རྐྱེན་བསླངས་པར། རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་མཐའ་གཅིག་ཏུ་ངོ་རྒོལ་གནང་ཡོད། རྒྱ་ནག་གཞུང་གིས་བོད་དང་ཤར་ཏུར་ཀི་སི་ཐན་ནང་སྔར་ལས་ལྷག་མནར་གཅོད་དང་བཙན་གནོན་གཏོང་བཞིན་ཡོད།
རྒྱ་ནག་དབུས་གཞུང་གི་རྒྱ་ནག་རྒྱལ་སྤྱིའི་གཞུང་འབྲེལ་ཨིན་ཡིག་གསར་འགྱུར་ལས་ཁང་གིས། ཁྲུན་ཆིན་གྲོང་ཁྱེར་དུ་བགྲོ་གླེང་ཚོགས་འདུ་འཚོགས་པ་དེ་རྒྱལ་སྤྱི་རང་བཞིན་ལྡན་པའི་བགྲོ་གླེང་ཡིན། ཞེས་དང་། བགྲོ་གླེང་དེའི་ཐོག་པ་ཀི་སི་ཐན་དང་བལ་ཡུལ་གྱི་སྐུ་ཚབ་མཉམ་ཞུགས་བྱས་ཡོད། ཅེས་བརྗོད་ཡོད། པ་ཀི་སི་ཐན་དང་བལ་ཡུལ་གཉིས་ནི་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞིའི་འོག་བུ་ལོན་འཇལ་མ་ཐུབ་པའི་གྲོགས་པོ་གསར་རྙིང་གཉིས་ཡིན།
རྒྱ་ནག་གིས་བོད་ནང་འདས་པའི་ལོ་ངོ་ ༦༠ རིང་འགྲོ་བ་མིའི་ཐོབ་དང་། དཔལ་འབྱོར། སྤྱི་ཚོགས་འཕེལ་རྒྱས་ཕྱིན་ཡོད་སྐོར་བརྗོད་ཡོད། འོན་ཀྱང་བོད་མི་ཚོར་མཚོན་ན་རྒྱ་ནག་གིས་འདས་པའི་ལོ་ངོ་ ༦༠ རིང་གདུག་རྩུབ་དང་དྲག་གནོན་བྱས་ཡོད། བོད་མི་ཚོར་ཆེས་མཐོའི་རང་སྲིད་རང་སྐྱོང་མེད་ལ། འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ཡང་མེད། རྒྱ་ནག་གཞུང་གིས་བོད་མི་ཚོར་ཕྱི་རྒྱལ་ཁག་ལ་འགྲོ་རྒྱུའི་སྐད་ཆ་བཤད་འཇུག་གི་མེད་ལ། བོད་ནང་ཁུལ་དུའང་ཕར་ཚུར་འགྲོ་འོང་བྱེད་འཇུག་གི་མེད། དེ་ནི་དངོས་ཡོད་གནས་ཚུལ་རེད།
རྒྱལ་ཚོགས་ཀྱི་རང་དབང་གི་ཆེད་མཁས་པ་གྲངས་ ༥༠ ཙམ་ནས་སྙན་ཐོ་གནང་བ་དེར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་ལག་ལེན་ཐོག་རྒྱ་ནག་གཞུང་ལ་འགྲོ་བ་མིའི་ཐོབ་ཐང་དང་རྒྱལ་སྤྱིའི་ཁྲིམས་ལུགས་ལ་བརྩི་སྲུང་བྱེད་དགོས་པ་དང་། དེ་བཞིན་རྒྱ་ནག་གཞུང་གིས་འཁྱོག་བཤད་ཀྱི་བགྲོ་གླེང་དེ་རིགས་བརྒྱུད་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་སླུ་ཁྲིད་བྱེད་བཞིན་པ་མཚམས་འཇོག་བྱེད་དགོས་པའི་འབོད་སྐུལ་གནང་རོགས། ཞེས་ང་ཚོས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ལ་རེ་སྐུལ་ཞུ་རྒྱུ་ཡིན། །
གོང་གི་བསམ་ཚུལ་དེ་དག་དྲིལ་བསྒྲགས་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས་སྒེར་གྱི་བསམ་ཚུལ་ལས་བོད་མིའི་སྒྲིག་འཛུགས་ཀྱི་བསམ་ཚུལ་ཡིན་པའི་ངེས་པ་གང་ཡང་མེད། རྩོམ་ཡིག་ངོ་མ་ཨིན་ཡིག་ནས་ཕྱི་དྲིལ་བོད་ཡིག་ཚན་པས་ཕབ་སྒྱུར་ཞུས་པས་ཚིག་དོན་ལ་ཧེ་བག་ཡོད་ཚེ་ཨིན་ཡིག་ལ་རྩ་འཛིན་ཡོང་བ་ཞུ།