ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༢༠ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢༨ ཉིན། སྐབས་བཅུ་གསུམ་པའི་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱི་ཚོགས་དུས་གསུམ་པའི་ཐོག ཧོང་ཀོང་སྐོར་རྒྱལ་ཁབ་བདེ་འཇགས་ཁྲིམས་ལུགས་གཏན་འབེབས་བྱ་རྒྱུའི་ཁྲིམས་འཆར་ལ་འཐུས་མི་ ༢༨༧༨ ཀྱི་རྒྱབ་སྐྱོར་དང་། གཅིག་གིས་དགག་བྱ། འཐུས་མི་ ༦ གིས་རྩིས་མེད་བཏང་བ་བཅས་ཆེས་མཐོ་བའི་མང་མོས་ཐག་གཅོད་བྱུང་བ་དེས་འཛམ་གླིང་ཁྱོན་ཡོངས་སུ་ཟིང་མགོ་ཆེན་པོ་ཞིག་སློང་ཡོད། རྒྱ་ནག་གཞུང་གི་འགྲེལ་བརྗོད་བྱས་སྟངས་ལ་བལྟས་ན། ཐག་གཅོད་དེ་ནི་རྒྱལ་ཁབ་ཀྱི་སྐུ་དབང་ཆེ་ཤོས་ཡོད་པའི་མི་མང་འཐུས་མི་ཚོགས་ཆེན་ནས་རྒྱ་ནག་དམར་ཤོག་སྐབས་བཅུ་དགུ་པའི་ཚོགས་ཆེན་བཞི་པའི་དགོངས་དོན་ལག་བསྟར་བྱས་པ་ཞིག་ཡིན་ལུགས་དང་། དེ་ནི་རྒྱ་ནག་གི་རྩ་ཁྲིམས་དང་ཧོང་ཀོང་གཞི་རྩའི་བཅའ་ཁྲིམས་དགོངས་དོན་གཞིར་བཟུང་དུས་རབས་གསར་པའི་གནས་བབ་དང་དགོས་མཁོའི་འོག རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྒྲོམ་གཞིའི་མ་ལག་རྒྱུན་འཁྱོངས་དང་འཐུས་སྒོ་ཇེ་ཚང་དུ་གཏོང་ཆེད། རྒྱལ་ཁབ་རིམ་པའི་ཐོག་ནས་ཧོང་ཀོང་དམིགས་བསལ་ས་ཁུལ་དུ་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་བྱ་རྒྱུའི་ཁྲིམས་ཀྱི་ལམ་ལུགས་དང་། ལག་བསྟར་བྱ་ཕྱོགས་གཏན་འབེབས་བྱ་རྒྱུའི་གལ་ཆེའི་སྲོལ་བཟང་གཏོད་ཡོད་ལུགས་བརྗོད། འོན་ཀྱང་། ནུབ་ཕྱོགས་རང་དབང་མང་གཙོའི་རྒྱལ་ཁབ་དང་ཉམས་ཞིབ་པ་མང་ཆེ་བས་རྒྱ་ནག་གི་བྱེད་བབ་དེ་ནི་ཧོང་ཀོང་དུ་ལག་བསྟར་བྱེད་བཞིན་པའི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལུགས་སྲོལ་མཇུག་སྒྲིལ་བར་ངོས་འཛིན་བྱེད་ཀྱི་ཡོད་ལ། དེའི་རྐྱེན་གྱིས་ད་ལྟའི་ཆར་རྒྱ་ནག་དང་རང་དབང་མང་གཙོའི་རྒྱལ་ཁབ་ཁག་བར་གྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ཏེ་ཕྱོགས་ཡོངས་ནས་ཛ་དྲག་གདོང་ཐུག་གི་ངོ་བོའི་མཚམས་སུ་སླེབས་ཡོད།
གཅིག རྒྱ་ནག་གཞུང་གིས་ཧོང་ཀོང་མི་མང་གི་མངོད་འདོད་དང་རྒྱལ་སྤྱིའི་ངོ་རྒོལ་ལ་ལྟོས་མེད་ཁྲིམས་འདི་ཨུ་ཚུགས་གཏན་འབེབས་བྱེད་དགོས་དོན་གང་ཡིན་ནམ།
ཕྱི་ལོ་ ༡༩༩༧ ལོའི་ཟླ་ ༧ ཚེས་ ༡ ཉིན་རྒྱ་ནག་གཞུང་གིས་ཧོང་ཀོང་གི་བདག་དབང་ཨིན་ཇིའི་གཞུང་འོག་ནས་རྩིས་ལེན་བྱས་སྐབས། ཧོང་ཀོང་དང་ཨིན་ཇིའི་གཞུང་གཉིས་དབར་ ༨༤ ལོའི་ཐུན་མོང་གི་བསྒྲགས་གཏམ་གཞིར་བཟུང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ལག་བསྟར་བྱ་རྒྱུ་ཁས་ལེན་ཡོད་པ་ལྟར། ཧོང་ཀོང་གཞི་རྩིའི་བཅའ་ཁྲིམས་དང་དེའི་ཟུར་ཡིག་གསུམ་བཅས་གཏན་འབེབས་བྱས་ཏེ་ཧོང་ཀོང་དམིགས་བསལ་ས་ཁུལ་དུ་ཚད་མཐོའི་རང་སྐྱོང་ལག་བསྟར་བྱས་མགོ་བཙུགས་པ་དང་། དེའང་ཧོང་ཀོང་དུ་མ་རྩ་རིང་ལུགས་ཀྱི་ལམ་ལུགས་དང་འཚོ་བ་བྱས་སྟངས་ལོ་ ༥༠ འགྱུར་བ་གཏོང་རྒྱུ་མིན་པའི་ཁས་ལེན་བྱས་ཏེ། དང་པོའི་ལོ་ཁ་ཤས་ནང་རྒྱ་ནག་དབུས་གཞུང་ནས་ས་གནས་ཀྱི་ལས་དོན་ལ་བྱུས་གཏོགས་དམིགས་བསལ་བྱས་མེད་སྟབས་ཕྱོགས་ཚང་མ་ཅུང་བློ་བདེ་བག་ཕེབས་ངང་གནས་ཐུབ་ཡོད།
འོན་ཀྱང་བོད་དང་རྒྱ་ནག་གཉིས་དབར་ཕྱི་ལོ་ ༡༩༥༡ ལོར་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་རྗེས་ཀྱི་གནས་ཚུལ་སྡུག་པོ་ཇི་བྱུང་ལྟར། ཧོང་ཀང་དུའང་རིམ་བཞིན་རྒྱ་ནག་དབུས་གཞུང་གིས་བྱུས་གཏོགས་མང་དུ་ཕྱིན་ཏེ། ཧོང་ཀོང་མང་ཚོགས་ལ་ཁྲིམས་ལྟར་གནང་བའི་རང་དབང་མང་གཙོའི་ལམ་ལུགས་ལ་འགྱུར་བ་གཏོང་ཐབས་ཀྱི་ལས་གཞི་གང་མང་བརྩམས་པར་བརྟེན། ཧོང་ཀོང་ས་གནས་སུ་རང་དབང་སྲུང་སྐྱོབ་ལས་འགུལ་སྤེལ་མཁན་ཇེ་མང་དུ་ཕྱིན་ཡོད། ཕྱི་ལོ་ ༢༠༠༣ ལོར་དེའི་སྐབས་ཀྱི་ཧོང་ཀོང་གཞུང་ནས་ཧོང་ཀོང་གཞི་རྩའི་བཅའ་ཁྲིམས་ཀྱི་དོན་ཚན་ ༢༣ གཞིར་བཟུང་། ཧོང་ཀོང་དུ་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་གཏན་འབེབས་བྱ་རྒྱུའི་ཁྲིམས་འཆར་བཏོན་པར་སྤྱི་ཚོགས་ནང་ངོ་རྒོལ་ཆེན་པོ་བྱུང་སྟེ། ལོ་དེའི་ཕྱི་ཟླ་ ༧ ཚེས་ ༡ ཉིན་ཧོང་ཀོང་མི་མང་ཁྲི་ཚོ་ལྔ་བཅུ་ཐམ་པ་ཁྲོམ་གཞུང་དུ་ཐོན་ཏེ་ཞི་བའི་རྔམ་་སྟོན་ཁྲོམ་སྐོར་ཤུགས་ཆེ་སྤེལ་བ་དང་། ཧོང་ཀོང་མང་ཚོགས་ནས་དོན་ཚན་ ༢༣ པ་གཏན་འབེབས་བྱུང་ན་ཧོང་ཀོང་གི་སྨྲ་བརྗོད་རང་དབང་དང་། འདུ་འཛོམས་རང་དབང་སོགས་རང་དབང་མཐའ་དག་བཙན་འཕྲོག་བྱ་རྒྱུའི་ཉེན་ཁ་མཐོང་བ་དང་། དེའི་རྐྱེན་གྱིས་ཁྲིམས་འཆར་དེ་བརྗོད་པ་གཉིས་པ་འགྲོ་མ་ཐུབ་པར་ཧོང་ཀོང་གཞུང་ཕྱོགས་ནས་ཕྱིར་འཐེན་མི་བྱ་ཀ་མེད་དུ་གྱུར། འོན་ཀྱང་དུས་དེ་ནས་བཟུང་དོན་ཚན་ ༢༣ ཞེས་པ་ཧོང་ཀོང་དུ་ཆབ་སྲིད་ཀྱི་འབྲས་ནད་ལྟ་བུར་གྱུར་ཏེ་སུས་ཀྱང་ལག་པ་འཆང་མི་ཕོད་པ་ཆགས་པ་དང་། ན་ནིང་ལོར་ཧོང་ཀོང་གཞུང་ནས་ནག་ཉེས་གྱོད་ཡ་རྩིས་སྤྲོད་ཀྱི་ཁྲིམས་གཞི་གཏན་འབེབས་བྱ་རྒྱུའི་ཁྲིམས་འཆར་བཏོན་སྐབས། དེའི་སྔོན་དུ་རྒྱ་ནག་གཞུང་ནས་ཧོང་ཀོང་གི་མི་སེར་ཐད་ཀར་འཛིན་བཟུང་བྱས་ཏེ་རྒྱ་ནག་ལ་བཙན་འཁྲིད་བཀག་ཉར་བྱས་པའི་གནས་ཚུལ་བྱུང་དང་འབྱུང་བཞིན་པར་བརྟེན། ན་ནིང་ཕྱི་ཟླ་ ༦ པ་ནས་ད་བར་ཧོང་ཀོང་མི་མང་གིས་ལོ་གཅིག་ལྷག་རིང་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ཆད་མེད་འཛམ་གླིང་ཧང་སངས་དགོས་པ་སྤེལ་བ་དང་། རྒྱ་ནག་གཞུང་ནས་ཀྱང་ཧོང་ཀོང་དུ་ད་བར་དོན་ཚན་ ༢༣ པ་གཏན་འབེབས་མ་ཐུབ་པའི་རྐྱེན་གྱིས་ཅི་བྱ་གཏོལ་མེད་དུ་གྱུར་བ། ལྷག་པར་ཧོང་ཀོང་གི་ཆབ་སྲིད་གནས་བབ་ཟང་ཟིང་དུ་གྱུར་བ་དེའི་ཤུགས་རྐྱེན་རྒྱ་ནག་སྐམ་ས་ལའང་ཁྱབ་སྟེ་དབུས་གཞུང་གི་ཆེ་མཐོང་དང་དབང་གྲགས་ལ་གནོད་ཡོང་གི་ཡོད་སྟབས། ད་ཐེངས་ཨུ་ཚུགས་ཀྱིས་ཁྲིམས་གཞི་འདི་གཏན་འབེབས་བྱེད་དགོས་པ་ཆགས།
གཉིས། རྒྱ་ནག་གཞུང་གིས་ཁྲིམས་སྒྲིག་གཏན་འབེབས་ཀྱི་བརྒྱུད་རིམ་དང་ཧོང་ཀོང་བདེ་འཇགས་ཁྲིམས་ལུགས་གཏན་འབེབས་བྱས་སྟངས།
རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་ཞེས་པ་ལོ་རེ་ཐེངས་རེར་འཚོགས་བཞིན་པ་དེར་འཐུས་མི་སྟོང་ཕྲག་མང་པོ་ཡོད་པ་དང་། བརྒྱ་ཆ་བདུན་ཅུ་ལྷག་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཕུད་གཞན་མང་ཆེ་བ་རྒྱ་ནག་གི་ཁ་ལ་ཉན་མཁན་སྐུ་ཚབ་མཚོན་བྱེད་ཙམ་གྱི་མི་རིགས་དང་ལས་རིགས་ཁག་གི་འཐུས་མི་བསྐོ་གཞག་བྱས་ཡོད་སྟབས། ཚོགས་བཅར་འཁྲབ་སྟོན་ཙམ་ལས་ཁྲིམས་བཟོའི་ལས་དོན་གང་ཡང་བྱེད་ཐུབ་ཀྱི་མེད། དེར་བརྟེན་ཁྲིམས་གང་བཟོ་དགོས་པ་རྒྱ་ནག་དམར་ཤོག་ཚོགས་པའི་དགོངས་པ་ཇི་ཡོད་ལྟར་འཐུས་མི་ཚོགས་ཆེན་ཐོག་འཁུར་ཏེ། ཚོགས་ཆེན་ཐོག་ཁྲིམས་སྒྲིག་དེ་འདྲ་ཞིག་བཟོ་ཆོག་པའི་ཐག་གཅོད་ཅིག་འཁྲབ་སྟོན་ཙམ་ལས། ཁྲིམས་ཀྱི་ནང་དོན་གང་ཡོད་པ་མི་མང་འཐུས་མི་ཚོས་ཤེས་ཀྱི་མེད། འོ་ན་ཁྲིམས་སྒྲིག་གཏན་འབེབས་བྱས་སྟངས་ཇི་ལྟར་ཡིན་ཞེ་ན། ཁྲིམས་བཟོའི་དབང་ཚད་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ལྷན་ཁང་ཞེས་པར་ཡོད།
རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ལྷན་ཁང་ཞེས་པ་ནི་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱི་རྒྱུན་སྡོད་ལས་ཁུངས་ཡིན་ཞིང་། དེར་ཚོགས་གཙོ་གཅིག་དང་། ཚོགས་གཞོན་ ༡༣ བཅས་ཁྱོན་རྒྱུན་ལས་འཐུས་མི་ ༡༧༥ ཡོད་པ་དང་། རང་རེ་བོད་མིར་མཚོན་ན་པདྨ་འཕྲིན་ལས་ཚོགས་གཙོ་གཞོན་པ་དང་། གཞན་རྒྱུན་ལས་འཐུས་མི་གཉིས་ཡོད་པ་ནི་ཀུན་མཁྱེན་འཇམ་དབྱངས་བཞད་པ་བློ་བཟང་འགྱུར་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་དང་། བློ་བཟང་རྒྱལ་མཚན་རྣམ་གཉིས་ཆགས་ཡོད། རྒྱུན་ལས་ལྷན་ཁང་དེའི་འོག་ཚོགས་ཆུང་འདྲ་མིན་ཡོད་ཅིང་། དེར་རྒྱ་ནག་གི་ཁྲིམས་སྒྲིག་ཁག་ལ་འགྲེལ་བཤད་དང་། ཁྲིམས་བཟོའི་དབང་ཚད་ཆ་ཚང་ཡོད་པའི་ཁྲིམས་བཟོ་ལྷན་ཁང་ངོ་མ་དེ་ཆགས་ཡོད། དེར་བརྟེན་ཕྱི་ཟླ་ ༥ ཚེས་ ༢༢ ཉིན་རྒྱ་ནག་གི་ཚོགས་ཆེན་གཉིས་འཚོགས་སྐབས། རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་རྒྱུན་ལས་ལྷན་ཁང་གི་ཁྲིམས་སྲོལ་ཚོགས་ཆུང་ནས་ཧོང་ཀོང་སྐོར་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་གཏན་འབེབས་བྱ་རྒྱུའི་ཁྲིམས་འཆར་འཁུར་བ་དང་། ཁྲིམས་འཆར་གཏན་འབེབས་དེའི་དོན་ཚན་དྲུག་པའི་ནང་། རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ལྷན་ཁང་ལ་ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་ཁྲིམས་ལུགས་གཏན་འབེབས་བྱ་རྒྱུའི་སྐུ་དབང་ཕུལ་ཞེས་གསལ་ཡོད།
ལར་ནས་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ལྷན་ཁང་གི་ཁྲིམས་སྒྲིག་གཏན་འབེབས་བྱེད་སྟངས་ཇི་ལྟར་ཡིན་ཞེ་ན། རྒྱུན་ལས་ལྷན་ཁང་དེས་ནམ་རྒྱུན་ཟླ་བ་གཉིས་རེའི་མཚམས་ཚོགས་ཆེན་ཐེངས་རེ་འཚོགས་བཞིན་པ་དང་། དེའང་རྟག་པར་ཆ་ཟླའི་ནང་འཚོགས་རྒྱུའི་ལུགས་སྲོལ་ཞིག་ཆགས་ཡོད། ཕྱི་ཟླ་ ༥ ཚེས་ ༢༨ ཉིན་སྐབས་བཅུ་གསུམ་པའི་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱི་ཚོགས་ཆེན་གསུམ་པའི་ཐོག་ཧོང་ཀོང་སྐོར་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་གཏན་འབེབས་བྱ་རྒྱུའི་ཐག་གཅོད་བྱུང་རྗེས། ཕྱི་ཟླ་ ༦ ཚེས་ ༡༨ ནས་ ༢༠ བར་རྒྱུན་ལས་ཚོགས་ཆེན་བསྐོང་འཚོགས་བྱ་རྒྱུའི་གསལ་བསྒྲགས་སྤེལ་ཡོད་ཀྱང་། ཐོག་མའི་གསལ་བསྒྲགས་ཀྱི་ལས་རིམ་དུ་ཧོང་ཀོང་བདེ་འཇགས་ཁྲིམས་ལུགས་གཏན་འབེབས་བྱ་རྒྱུའི་སྐོར་གསལ་མེད། ཡིན་ནའང་། རྒྱ་ནག་གི་ཕྱི་སྲིད་དཔོན་ཆེན་ཡང་ཇེ་ཁྲི་དང་ཨ་རིའི་ཕྱི་སྲིད་བློན་ཆེན་གཉིས་དབར་ཕྱི་ཚེས་ ༡༧ ཉིན་ཨ་རིའི་ཧ་ཝེར་ས་ཁུལ་གྱི་དམག་སྒར་དུ་ཕྱེད་གསང་བ་ལྟ་བུས་ཐུག་འཕྲད་བྱས་པ་དེར་དམིགས་བསལ་གྲུབ་འབྲས་ཐོན་མེད་སྟབས། ཧོང་ཀོང་བདེ་འཇགས་ཁྲིམས་ལུགས་སྐོར་གློ་བུར་དུ་ཚོགས་འདུའི་ལས་རིམ་དུ་བསྣན་ཡོད་པ་དང་། རྒྱུན་ལས་ཚོགས་འདུ་དེ་ག་རང་ཐོག་ཕྱི་ཟླ་ ༦ ཚེས་ ༢༨ ནས་ ༣༠ བར་རྒྱུན་ལས་ཚོགས་ཆེན་འཕར་མ་འཚོགས་རྒྱུའི་ཐག་གཅོད་བྱས་ཏེ་ད་ཐེངས་ཁྲིམས་གཞི་འདི་གཏན་འབེབས་བྱས་པ་ཞིག་རེད། དེའང་རྒྱ་གཞུང་གིས་གསལ་བསྒྲགས་སྤེལ་སྟངས་ལ་བལྟས་ན། རྒྱུན་ལས་ཚོགས་བཅར་བ་ ༡༦༢ ཡོད་པ་སྤྱི་མོས་ཐོག་ཐག་གཅོད་བྱས་པ་དང་། དུས་ཚོད་སྐར་མ་བཅུ་གསུམ་རིང་གཏན་འབེབས་བྱས་ལུགས་བརྗོད་པར་གཞིགས་ན། ཁྲིམས་ལུགས་གཏན་འབེབས་ལ་བརྗོད་པ་དང་པོ་དང་། གཉིས་པ། གསུམ་པ་བཅས་བརྒྱུད་རིམ་གང་ཡང་མེད་པར། དམར་ཤོག་ཚོགས་པ་ནས་གང་གཏན་འབེབས་བྱས་པ་ཞིབ་ཀློག་དང་བགྲོ་གླེང་གི་གོ་སྐབས་ཙམ་ཡང་མེད་པ་ཧ་ཅང་གསལ་པོ་རེད་འདུག
གསུམ། ཁྲིམས་ལུགས་དེ་ཧོང་ཀོང་གཞི་རྩའི་བཅའ་ཁྲིམས་ཀྱི་དོན་ཚན་ ༢༣ དང་ཟུར་ཡིག་གསུམ་བར་གྱི་འབྲེལ་བ་ཇི་ཆགས།
ཧོང་ཀོང་གཞི་རྩའི་བཅའ་ཁྲིམས་དོན་ཚན་ ༢༣ ནང་ཧོང་ཀོང་རང་ངོས་ནས་ཁྲིམས་ལུགས་གཏན་འབེབས་བྱས་ཏེ་མི་སུ་ཞིག་ནས་རྒྱལ་ཁབ་ལ་ངོ་ལོག་པའམ་རྒྱལ་ཁབ་ཁ་བྲལ་གཏོང་བ། ཟིང་འཁྲུག་སྐུལ་སློང་བྱེད་པ། རྒྱ་ནག་དབུས་གཞུང་མགོ་རྟིང་སློག་པ། རྒྱལ་ཁབ་ཀྱི་གསང་བ་རྐུ་འཁྱེར་བྱས་པའི་བྱ་སྤྱོད་བཀག་འགོག་བྱེད་དགོས་ཞེས་དང་། ཕྱི་རྒྱལ་གྱི་ཆབ་སྲིད་རང་བཞིན་གྱི་སྒྲིག་འཛུགས་དང་ཚོགས་པས་ཧོང་ཀོང་དུ་ལས་འགུལ་སྤེལ་བར་བཀག་འགོག་བྱེད་དགོས། ཧོང་ཀོང་གི་ཆབ་སྲིད་རང་བཞིན་གྱི་སྒྲིག་འཛུགས་དང་ཚོགས་པས་ཕྱི་རྒྱལ་གྱི་ཆབ་སྲིད་རང་བཞིན་གྱི་སྒྲིག་འཛུགས་དང་ཚོགས་པར་འབྲེལ་ལམ་བཙུགས་པར་བཀག་འགོག་བྱེད་དགོས་ཞེས་གསལ་ཡོད།
དོན་ཚན་ ༢༣ པས་ཧོང་ཀོང་རང་ངོས་ནས་ཁྲིམས་ལུགས་གཏན་འབེབས་བྱེད་དགོས་ཞེས་བཀོད་དགོས་པའི་རྒྱུ་མཚན་གཙོ་བོ་ནི་ཧོང་ཀོང་དང་རྒྱ་ནག་སྐམ་སའི་བར་གྱི་ཁྲིམས་འཛིན་གྱི་མ་ལག་གཅིག་མཚུངས་མེད་པའི་རྐྱེན་གྱི་ཡིན་འདུག་ཅིང་། དཔེར་ན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྤྱི་ཆིངས་ལྟ་བུར་མཚོན་ན་ཧོང་ཀོང་གི་བརྩི་སྲུང་ཞུ་བཞིན་ཡོད་ཀྱང་། རྒྱ་ནག་སྐམ་ས་ནས་དེར་ཁས་ལེན་བྱེད་ཀྱི་མེད། དེར་བརྟེན་ད་ཆ་རྒྱ་ནག་སྐམ་ས་རུ་ལག་བསྟར་བྱེད་བཞིན་པའི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་དེས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྤྱི་ཆིངས་ལ་བརྩི་སྲུང་ཞུ་ཡི་མེད། དེ་དང་གཅིག་མཚུངས་ད་ཐེངས་རྒྱ་ནག་དབུས་གཞུང་ནས་ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་ཁྲིམས་ལུགས་གཏན་འབེབས་བྱས་པ་དེ་རྒྱ་ནག་སྐམ་ས་ནས་བྱས་སྟངས་གང་ཡིན་པ་ཧོང་ཀོང་དུ་སྤོས་ཏེ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྤྱི་ཆིངས་ལ་བརྩི་སྲུང་ཞུ་དགོས་ཀྱི་མེད་ལ། དེ་ཧོང་ཀོང་གཞི་རྩའི་བཅའ་ཁྲིམས་དོན་ཚན་ ༢༣ པ་དང་འགལ་ཟླ་ཆགས་ཀྱི་ཡོད་པ་ཧ་ཅང་གསལ་པོ་ཡིན། འོན་ཀྱང་པེ་ཅིང་དང་དེའི་ཕྱོགས་གཏོགས་པ་ཚོས་གཞི་རྩའི་བཅའ་ཁྲིམས་དོན་ཚན་ ༢༣ པས་རང་ངོས་ནས་ཁྲིམས་ལུགས་གཏན་འབེབས་བྱེད་དགོས་ཞེས་གསལ་ཡོད་ཀྱང་། དེ་ངེས་པར་དུ་ཧོང་ཀོང་རང་ནས་བཟོ་དགོས་པ་དང་། དབུས་གཞུང་ནས་རོགས་པ་བྱས་ཏེ་བཟོ་མི་ཆོག་པ་གསལ་མེད་ཅེས་སྙོན་བཤད་བྱེད་ཀྱི་ཡོད། དེར་བརྟེན་ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་ཁྲིམས་ལུགས་དེ་ད་ཆ་ཧོང་ཀོང་གཞི་རྩའི་བཅའ་ཁྲིམས་ཀྱི་ཟུར་ཡིག་གསུམ་པའི་འོག་ཏུ་བཅུག་ཟིན།
འོ་ན། ཧོང་ཀོང་གཞི་རྩའི་བཅའ་ཁྲིམས་ཀྱི་ཟུར་ཡིག་གསུམ་ཞེས་གང་རེད་བརྗོད་ན། ཟུར་ཡིག་དང་པོ་དང་གཉིས་པ་རྗེས་ལ་འགྲེལ་བརྗོད་བྱ་རྒྱུ་དང་། དང་པོ་ཟུར་ཡིག་གསུམ་པའི་སྐོར་ཏོག་ཙམ་བརྗོད་ན། ཟུར་ཡིག་གསུམ་པ་ནི་རྒྱ་ནག་རྒྱལ་ཡོངས་ཀྱི་ཁྲིམས་ལུགས་དང་གྲོས་ཆོད་ཧོང་ཀོང་དུ་གཅིག་གྱུར་ལག་བསྟར་བྱེད་དགོས་པ་ཁག་ཆགས་ཀྱི་ཡོད། ད་ལྟའི་ཆར།
༡༽ རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་དང་། རྒྱལ་ལོ། རྒྱལ་གླུ། རྒྱལ་དར་སྐོར་གྱི་གྲོས་ཆོད།
༢༽ རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་དུས་ཆེན་སྐོར་གྱི་གྲོས་ཆོད།
༣༽ རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་རྒྱ་མཚོའི་བདག་དབང་སྐོར་བསྒྲགས་གཏམ།
༤༽ རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་སེར་ཐོབ་ཐང་ཁྲིམས་ལུགས།
༥༽ རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་དམིགས་བསལ་སྐུ་དབང་དང་ཁྲིམས་སྒོ་གུ་ཡངས་གཏོང་ཐབས་སྐོར་གྱི་སྲོལ་ཡིག
༦༽ རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་སྐོར་གྱི་ཁྲིམས་ལུགས།
༧༽ རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་ཁང་ལ་དམིགས་བསལ་སྐུ་དབང་དང་ཁྲིམས་སྒོ་གུ་ཡངས་གཏོང་ཐབས་སྐོར་གྱི་སྲོལ་ཡིག
༨༽ རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་རྟགས་སྐོར་གྱི་ཁྲིམས་ལུགས།
༩༽ རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་རྒྱ་མཚོ་དང་དེའི་ཉེ་འབྲེལ་ས་ཁུལ་སྐོར་གྱི་ཁྲིམས་ལུགས།
༡༠༽ རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཧོང་ཀོང་དམིགས་བསལ་ས་ཁུལ་དུ་དམག་མི་བཅའ་སྡོད་སྐོར་གྱི་ཁྲིམས་ལུགས།
༡༡༽ རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ལ་དབང་བའི་ཆེད་གཏོགས་དཔལ་འབྱོར་ས་ཁུལ་ (Exclusive Economic Zone) དང་རྒྱ་མཚོ་ལས་བརྒྱངས་པའི་སྐམ་སའི་སྐོར་གྱི་ཁྲིམས་ལུགས།
༡༢༽ རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཏུ་ཕྱི་རྒྱལ་དབུས་དངུལ་ཁང་གི་རྒྱུ་ནོར་ཁྲིམས་ཐོག་ལག་བསྟར་གུ་ཡངས་གཏོང་ཐབས་སྐོར་གྱི་ཁྲིམས་ལུགས།
༡༣༽ རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུའི་སྐོར་གྱི་ཁྲིམས་ལུགས། བཅས་ཁྲིམས་སྒྲིག་དང་སྲོལ་ཡིག གྲོས་ཆོད་བཅས་ཁག་བཅུ་གསུམ་ཙམ་ཡོད་པ་ཚང་མ་ཕྱི་འབྲེལ་དང་། རྒྱལ་སྲུང་དང་འབྲེལ་བ་ཆགས་ཀྱི་ཡོད་པ་དང་། རྒྱལ་ཁབ་རིམ་པའི་ཁྲིམས་སྲོལ་ཆགས་ཀྱི་ཡོད།
ཧོང་ཀོང་གཞི་རྩའི་བཅའ་ཁྲིམས་དོན་ཚན་ ༡༨ ནང་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ལྷན་ཁང་ནས་དེའི་ཁྱབ་ཁོངས་ཧོང་ཀོང་གཞི་རྩའི་བཅའ་ཁྲིམས་ལྷན་ཁང་དང་། ཧོང་ཀོང་དམིགས་བསལ་ས་ཁུལ་གྱི་འཛིན་སྐྱོང་གཞུང་དང་གོ་བསྡུར་གྱིས་ཟུར་ཡིག་གསུམ་པའི་ནང་འཁོད་པའི་ཁྲིམས་ལུགས་ཁག་ལ་སྣོན་འཕྲི་བྱ་ཆོག འོན་ཀྱང་ཟུར་ཡིག་གསུམ་པར་འཁོད་པའི་ཁྲིམས་ཡིག་གང་ཞིག་ངེས་པར་དུ་རྒྱལ་སྲུང་དང་ཕྱི་འབྲེལ། གཞན་ཧོང་ཀོང་གཞི་རྩའི་བཅའ་ཁྲིམས་ཀྱི་གཏན་འབེབས་རང་སྐྱོང་ཁྱབ་ཁོངས་མིན་པའི་ཁྲིམས་ལུགས་ཤིག་ཡིན་དགོས་ཞེས་གསལ་ཡོད། དེར་བརྟེན་ད་ཐེངས་རྒྱ་ནག་གཞུང་གིས་ཧོང་ཀོང་བདེ་འཇགས་ཀྱི་ཁྲིམས་ལུགས་ཟུར་ཡིག་གསུམ་པའི་ནང་བསྣན་པ་དེ་ཧོང་ཀོང་གཞི་རྩའི་བཅའ་ཁྲིམས་དང་འགལ་གྱི་ཡོད།
གཞན་ཟུར་ཡིག་དང་པོ་ནི་ཧོང་ཀོང་དམིགས་བསལ་ས་ཁུལ་གྱི་འཛིན་སྐྱོང་འགན་འཛིན་འདེམས་བསྐོ་བྱ་རྒྱུའི་སྐོར་ཡིན་ཅིང་། ད་ལྟའི་ཆར་ཧོང་ཀོང་དམིགས་བསལ་ས་ཁུལ་གྱི་འཛིན་སྐྱོང་འགན་འཛིན་འདེམས་བསྐོ་བྱེད་སྟངས་ནི། མི་ངོ་ ༡༢༠༠ ལས་གྲུབ་པའི་འོས་བསྡུ་ལྷན་ཁང་ཞིག་བསྐོ་འཛུགས་བྱས་ཏེ།
༡༽ བཟོ་ཚོང་དང་དངུལ་ཁང་ལས་རིགས་ནས་སྐུ་ཚབ་ ༣༠༠།
༢༽ ཆེད་ལས་ལས་རིགས་ནས་སྐུ་ཚབ་ ༣༠༠།
༣༽ ངལ་རྩོལ་དང་། སྤྱི་ཚོགས་ཞབས་ཞུ། ཆོས་ལུགས་ལས་རིགས་ནས་སྐུ་ཚབ་ ༣༠༠།
༤༽ ཧོང་ཀོང་ཁྲིམས་བཟོ་ལྷན་ཁང་དང་། ཧོས་ཀོང་ས་གནས་གྲོས་ཚོགས་ཀྱི་འཐུས་མི། གྲོང་སྡེ་ལྷན་ཁང་གི་འཐུས་མི། ཧོང་ཀོང་དམིགས་བསལ་ས་ཁུལ་གྱི་རྒྱལ་ཡོངས་གྲོས་ཚོགས་འཐུས་མི། ཧོང་ཀོང་དམིགས་བསལ་ས་ཁུལ་གྱི་རྒྱལ་ཡོངས་སྲིད་གྲོས་ཁང་གི་འཐུས་མི་བཅས་ནས་སྐུ་ཚབ་ ༣༠༠ བཅས་འཐུས་མི་ ༡༢༠༠ ལས་གྲུབ་པའི་འོས་བསྡུ་ལྷན་ཁང་དེས་ཧོང་ཀོང་དམིགས་བསལ་ས་ཁུལ་གྱི་འཛིན་སྐྱོང་འགན་འཛིན་འོས་བསྡུ་བྱེད་ཀྱི་ཡོད་ལ། འོས་བསྡུ་བྱེད་སྟངས་དེའང་འོས་བསྡུ་ལྷན་ཁང་གི་འཐུས་མི་ ༡༥༠ རེའི་འོས་གཞི་རེ་འདོན་ཆོག་ལ། འཐུས་མི་རེ་ནས་འོས་གཅིག་རེ་མ་གཏོགས་འཕེན་མི་ཆོག དེ་ནས་འོས་གྲངས་མཐོ་ཤོས་ཐོབ་པ་དེར་རྒྱ་ནག་གི་སྲིད་འཛིན་ནས་བསྐོ་གཞག་བྱེད་ཀྱི་ཡོད། གང་ལྟར་ད་ལྟའི་བར་ལས་རིགས་དེ་དག་ཁྲོད་དུ་མང་ཆེ་བ་རྒྱ་ནག་དམར་ཤོག་དང་འབྲེལ་བ་གཏིང་ཟབ་ཡོད་པའི་འཐུས་མི་ཤ་སྟག་འདེམས་ཀྱི་ཡོད་སྟབས། འཛིན་སྐྱོང་འགན་འཛིན་གྱི་མི་འགྲོ་ཚང་མ་རྒྱ་ནག་གཞུང་གིས་འདོད་མོས་ལྟར་འདེམས་བསྐོ་བྱེད་ཐུབ་ཀྱི་ཡོད།
ཟུར་ཡིག་གཉིས་པ་ནི་ཧོང་ཀོང་ཁྲིམས་བཟོ་ལྷན་ཁང་གི་འཐུས་མི་འདེམས་ཕྱོགས་སྐོར་ཡིན་ཞིང་། ད་ལྟའི་ཆར་ཧོང་ཀང་གྲོས་ཚོགས་ལ་ཁྱོན་འཐུས་མི་ ༧༠ ཡོད་པ་དང་། དེའི་ནང་ནས་ཧོང་ཀོང་གི་ལས་རིགས་ཁག་ནས་འཐུས་མི་ ༣༥ དང་། གཞན་འཐུས་མི་ ༣༥ ས་གནས་ཁག་བགོས་མི་མང་གིས་ཐད་ཀར་འོས་འདེམས་བྱེད་ཀྱི་ཡོད།
དེའང་ཧོང་ཀོང་གཞི་རྩའི་བཅའ་ཁྲིམས་ནང་དུ་ ༢༠༠༧ ལོའི་རྗེས་ཧོང་ཀོང་དམིགས་བསལ་ས་ཁུལ་གྱི་འཛིན་སྐྱོང་འགན་འཛིན་དང་ཁྲིམས་བཟོ་ལྷན་ཁང་གི་འཐུས་མི་འོས་འདེམས་བྱ་ཕྱོགས་ལ་འགྱུར་བ་གཏོང་ཆོག་པ་གསལ་ཡོད་པ་དང་། རྒྱ་ནག་གཞུང་ནས་ཀྱང་འོས་བསྡུའི་ལམ་ལུགས་རིམ་བཞིན་མི་མང་གིས་ཐད་ཀར་འོས་འདེམས་བྱ་ཆོག་པའི་ཁས་ལེན་བྱས་ཡོད་སྟབས། ཕྱི་ལོ་ ༢༠༠༤ ཙམ་ནས་བཟུང་དེ་དོན་ལག་བསྟར་དགོས་པའི་གླེང་སློང་ཤུགས་ཆེ་བྱུང་ཡོད་པ་དང་། ལྷག་པར་ ༢༠༠༧་་༢༠༠༨ ལོའི་འོས་བསྡུའི་སྐབས་དེ་ལྟར་ལག་བསྟར་བྱ་རྒྱུའི་ལས་འགུལ་རིམ་པར་སྤེལ་ཡོད། འོན་ཀྱང་དེ་དུས་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ལྷན་ཚོགས་ནས་ཧོང་ཀོང་གཞི་རྩའི་བཅའ་ཁྲིམས་ཀྱི་ཟུར་ཡིག་དང་པོ་དང་གཉིས་པར་འགྲེལ་བཤད་ཀྱི་སྐུ་དབང་བེད་སྤྱོད་བཏང་སྟེ། ཧོང་ཀོང་གི་འོས་བསྡུའི་ལམ་ལུགས་ལ་འགྱུར་བ་གཏོང་དགོས་ན་ཁྲིམས་བཟོ་ལྷན་ཁང་གི་འཐུས་མི་གསུམ་ཆ་གཉིས་ཀྱིས་མོས་མཐུན་རྒྱབ་སྐྱོར་ཐོག ཧོང་ཀོང་འཛིན་སྐྱོང་འགན་འཛིན་གྱི་མོས་མཐུན་དགོས་པ་དང་། ད་དུང་ཧོང་ཀོང་འཛིན་སྐྱོང་འགན་འཛིན་ནས་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ལྷན་ཚོགས་ལ་ཆོག་མཆན་བཀའ་འཁྲོལ་ཞུ་དགོས་ཞེས་འགྲེལ་བརྗོད་བྱས་ཏེ། ༢༠༠༧་་༢༠༠༨ ལོའི་འོས་བསྡུ་དེར་མི་མང་གིས་ཐད་ཀར་འོས་འདེམས་བྱ་རྒྱུའི་གོ་སྐབས་མེད་པར་བཟོས་པ་རེད། དེའི་རྐྱེན་གྱིས་ཧོང་ཀོང་མི་མང་ནས་ཧོང་ཀོང་རྒྱ་གཞུང་གིས་རྩིས་ལེན་བྱས་པའི་ ༧ པའི་ཚེས་ ༡ ཉིན་མོར་ཚང་མ་ཁྲོམ་གཞུང་ཐོག་ཐོན་ཏེ་རང་དབང་འཐབ་རྩོད་ཀྱི་ལས་འགུལ་གཞི་རྒྱ་ཆེ་རུ་འགྲོ་ཡོད།
ཕྱི་ལོ་ ༢༠༠༧ ཟླ་ ༡༢ ཚེས་ ༢༩ ཉིན། རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ལྷན་ཚོགས་ནས་ཧོང་ཀོང་དམིགས་བསལ་ས་ཁུལ་གྱི་ ༢༠༡༢ ལོའི་འཛིན་སྐྱོང་འགན་འཛིན་དང་ཁྲིམས་བཟོའི་འཐུས་མི་ཐད་ཀར་འོས་འདེམས་བྱ་ཕྱོགས་ཀྱི་ཐག་གཅོད་ཅེས་པ་སྤྱི་མོས་ཐག་གཅོད་བྱུང་སྟེ། ཧོང་ཀོང་ནས་ ༢༠༡༧ ལོར་འཛིན་སྐྱོང་འགན་འཛིན་ཐད་ཀར་མི་མང་གིས་འོས་འདེམས་བྱེད་ཆོག་པ་དང་། ༢༠༢༠ ལོར་ཁྲིམས་བཟོ་ལྷན་ཁང་གི་འཐུས་མིའང་ཐད་ཀར་མི་མང་གིས་འོས་འདེམས་བྱེད་ཆོག་ཅེས་གཏན་འབེབས་ཞུས། གཏན་འབེབས་དེར་རྒྱལ་སྤྱིའི་ཐོག་དང་ཧོང་ཀོང་མི་མང་ནས་དོགས་པ་གང་འཚམས་ཟས་ཡོད་ཀྱང་གང་ལྟར་བཟང་ཕྱོགས་ཀྱི་འགྱུར་བར་ངོས་འཛིན་གནང་མཁན་མང་པོ་བྱུང་ཡོད། དེ་ནས་ ༢༠༡༧ ལོར་སླེབས་སྐབས་རྒྱ་ནག་གི་གནས་ཚུལ་ཕྱོགས་ཡོངས་ནས་གཡོན་ཐལ་མཁྲེགས་བཟུང་སྡུག་ཏུ་ཕྱིན་ཡོད་པ་དང་། ཧོང་ཀོང་འཛིན་སྐྱོང་འགན་འཛིན་འོས་བསྡུ་བྱ་ཕྱོགས་དེའང་ ༢༠༠༧ ལོའི་གཏན་འབེབས་ལྟར་ལག་བསྟར་བྱས་མ་བཅུག་པར་འགོག་རྐྱེན་སྣ་མིན་བཟོས་པ་དང་། དེའི་རྐྱེན་གྱིས་གནས་ཚུལ་ཇེ་སྡུག་ཏུ་ཕྱིན་ཏེ་ཧོང་ཀོང་མི་མང་གིས་ངོ་རྒོལ་གྱི་ལས་འགུལ་ཡང་ཤུགས་ཆེ་རུ་ཕྱིན་པས། རྒྱ་ནག་དབུས་གཞུང་གིས་ཁས་ལེན་བྱས་པའི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་ཆབ་སྲིད་ཀྱི་ཁོར་ཡུག་རྨང་ནས་བཤིག་འགྲོ་གི་ཡོད།
ཧོང་ཀོང་མི་མང་ནས་ཀྱང་རྒྱ་ནག་གཞུང་དང་ཡུན་རིང་འཐབ་རྩོད་ཀྱི་བརྒྱུད་རིམ་ཁྲོད་རྒྱ་ནག་དམར་པོའི་གཞུང་ལ་ངོས་འཛིན་ཇེ་གསལ་དང་། ཆབ་སྲིད་ཀྱི་གོ་རྟོགས་ཡང་མཐོ་རུ་ཕྱིན་ཏེ། སྔོན་མ་ཁྲོམ་གཞུང་ཐོག་རང་དབང་འཐབ་རྩོད་ཀྱི་ལས་འགུལ་ཤུགས་ཆེ་སྤེལ་བ་དེས་ཁྱབ་བསྒྲགས་ཆེན་པ་འགྲོ་བཞིན་ཡོད་ཀྱང་། ཆབ་སྲིད་སྡིངས་ཆའི་ཐོག་རྐུབ་སྟེགས་ཟིན་མ་ཐུབ་ན་ཡོངས་རྫོགས་རྒྱ་ནག་གཞུང་ཕྱོགས་དང་ཐག་ཉེ་ཡོད་པའི་གང་ཟག་ཚོས་ཟིན་ཏེ། མང་ཚོགས་ཀྱི་མངོན་འདོད་གང་ཡོད་པ་ཁྲིམས་ཐོག་ན་འགྱུར་བ་བཏང་མི་ཐུབ་པ་ཧ་ཅང་གསལ་པོ་ར་འཕྲོད་བྱུང་བར་བརྟེན། ཕྱི་ལོ་ ༢༠༡༤ ལོའི་ཆར་གདུག་གསར་བརྗེའི་ལས་འགུལ་སྤེལ་བ་ནས་བཟུང་། རང་དབང་མང་གཙོ་འཐབ་རྩོད་པ་ཚོ་ཆབ་སྲིད་ཀྱི་སྡིངས་ཆ་ཟིན་དགོས་པ་གལ་ཆེར་རྩིས་ཏེ། ༢༠༡༦ ལོའི་ཧོང་ཀོང་ཁྲིམས་བཟོ་ལྷན་ཁང་གི་འཐུས་མི་འོས་བསྡུའི་སྐབས་རང་དབང་མང་གཙོའི་ཕྱོགས་ནས་འོས་གྲངས་ ༢༩ ཐོབ་པ་མ་ཟད། གཞོན་སྐྱེས་མང་པོ་གྲོས་ཚོགས་འཐུས་མིར་འདེམས་ཐོན་བྱུང་ཡང་། དེའི་རྗེས་ཀྱི་རྙོག་ཟིང་མང་པོར་རྒྱ་ནག་དབུས་གཞུང་གིས་ཐད་བྱུས་འོག་གྲོས་ཚོགས་འཐུས་མི་དྲུག་ཙམ་འོས་ཆོས་མི་ཚང་བར་གསལ་བསྒྲགས་སྤེལ་བ་སོགས་ཧོང་ཀོང་གི་ཆབ་སྲིད་གནས་བབ་དེ་བས་རྙོག་ཟིན་དུ་ལྷུང་ཡོད།
ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༤ ཉིན་ཧོང་ཀོང་ས་གནས་འཐུས་ཚོགས་ཀྱི་འོས་བསྡུ་ཆེན་པོའི་ཁྲོད། ཧོང་ཀོང་མི་མང་ས་ཡ་གསུམ་ལྷག་གིས་འོས་བསྡུའི་ཆ་ཤས་ལེན་ཏེ། ཁྱོན་ས་ཁུལ་ཁག་ ༡༨ གྱི་ས་གནས་འཐུས་མི་ ༤༥༢ འོས་འདེམས་བྱེད་དགོར་པར། རང་དབང་མང་གཙོའི་ཕྱོགས་ནས་འོས་གྲངས་ ༣༨༩ འཐོབ་པ་དང་། རྒྱ་ནག་གཞུང་དང་ཐག་ཉེའི་ཕྱོགས་གཏོགས་ལ་འོས་གྲངས་ ༥༨ ལས་མ་འཐོབ་པའི་རྒྱལ་ཁ་ཆེན་པོ་འཐོབ་ཡོད། རྩ་བའི་ཧོང་ཀོང་ས་གནས་འཐུས་ཚོགས་ལ་ཁྱོན་འཐུས་མི་ ༤༧༩ ཡོད་པ་དང་། དེའི་ནང་ནས་ ༤༥༢ མི་མང་གིས་ཐད་ཀར་འོས་འདེམས་དང་། ༢༧ ལས་རིགས་ཁག་གི་ཐད་བསྐོས་འཐུས་མི་ཆགས་ཡོད། ཧོང་ཀོང་ས་གནས་འཐུས་ཚོགས་ཀྱི་འཐུས་མིའི་གྲུབ་ཆར་འགྱུར་བ་ཆེན་ཆེན་པོ་ཐེབས་པ་དེས་ཧོང་ཀོང་ཁྲིམས་བཟོ་ལྷན་ཁང་གི་འཐུས་མི་དང་། འཛིན་སྐྱོང་འགན་འཛིན་འདེམས་རྒྱུ་ལའང་འགྱུར་བ་ཆེན་པོ་ཐེབས་རྒྱུའི་ཤུགས་རྐྱེན་སླེབས་ཡོད།
ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡༠ ཉིན་ཧོང་ཀོང་དམིགས་བསལ་ས་ཁུལ་གཞུང་ནས་ཧོང་ཀོང་སྐབས་བདུན་པའི་ཁྲིམས་བཟོ་ལྷན་ཁང་གི་འཐུས་མིའི་འོས་བསྡུ་ཕྱི་ཟླ་ ༩ ཚེས་ ༦ ཉིན་གནང་གཏན་འཁེལ་བ་དང་། འོས་གཞིར་ཞུགས་རྒྱུའི་ཐོ་འགོད་དུས་ཚོད་ཕྱི་ཟླ་ ༧ ཚེས་ ༡༨ ནས་ ༣༡ བར་གཏན་འཁེལ་བྱུང་བའི་གསལ་བསྒྲགས་སྤེལ་འདུག གོང་དུ་བཀོད་པ་ལྟར། ཧོང་ཀོང་ཁྲིམས་བཟོ་ལྷན་ཁང་ལ་གྲོས་ཚོགས་འཐུས་མི་ ༧༠ ཡོད་པའི་ཁོངས་ ༣༥ མི་མང་གིས་ཐད་ཀར་འོས་འདེམས་དང་། ༣༥ ལས་རིགས་ཁག་ནས་འོས་འདེམས་བྱེད་དགོས་པ་ལྟར། ལས་རིགས་ཁག་གིས་འོས་འདེམས་བྱ་རྒྱུའི་འཐུས་མིའི་ནང་ ༦ ས་གནས་འཐུས་ཚོགས་ཀྱི་འཐུས་མིས་འོས་འདེམས་བྱ་དགོས་ཀྱི་ཡོད་སྟབས། མ་འོང་ཧོང་ཀོང་ཁྲིམས་བཟོ་ལྷན་ཁང་གི་འཐུས་མི་མི་མང་ནས་ཐད་ཀར་འོས་འདེམས་བྱེད་དགོས་པ་ ༣༥ ཆ་ཚང་དང་། དེའི་སྒང་ས་གནས་འཐུས་མི་ནས་འོས་འདེམས་བྱེད་དགོས་པ་ ༦ ། གཞན་ཡང་དེ་ལས་མང་བ་རང་དབང་མང་གཙོའི་ཕྱོགས་གཏོགས་ལ་འཐོབ་སྟེ་ཧོང་ཀོང་ཁྲིམས་བཟོ་ལྷན་ཚོགས་ཀྱི་འཐུས་མིའི་གསུམ་ཆ་གཉིས་ལས་མང་བ་ཆགས་རྒྱུའི་ཛ་དྲག་གནས་སྟངས་ཆགས་པར་བརྟེན། རྒྱ་ནག་གཞུང་ནས་ཕྱི་ཟླ་ ༦ པའི་མི་མང་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ལྷན་ཚོགས་ཐོག་ཧོང་ཀོང་བདེ་འཇགས་ཁྲིམས་ལུགས་གཏན་འབེབས་བྱེད་མ་ཐུབ་ན། རྒྱུན་ལས་ཚོགས་འདུ་རྗེས་མ་དེ་ཕྱི་ཟླ་ ༨ པར་མ་གཏོགས་འཚོགས་ཐུབ་ཀྱི་མེད་སྟབས། གོང་བརྗོད་ལྟར། ཕྱི་ཟླ་ ༦ པའི་ནང་རྒྱུན་ལས་ལྷན་ཚོགས་འཕར་མ་བསྐོང་ཚོགས་བྱས་ཏེ་ཁྲིམས་དེ་ཨུ་ཚུགས་གཏན་འབེབས་བྱས་པ་དང་། ཁྲིམས་དེར་བརྟེན་ནས་ཧོང་ཀོང་རང་དབང་མང་གཙོའི་ཕྱོགས་གཏོགས་ཀྱི་འོས་གཞི་མང་པོ་ཞིག་ལ་ནག་ཉེན་འདྲ་མིན་བསྙོན་འདོགས་བྱས་ཏེ་ཁྲིམས་བཟོ་འཐུས་མིའི་འོས་གཞིར་ཞུགས་པའང་ཐོབ་ཐང་འཕྲོག་ཆོག་པ་ཆགས་ཡོད།
བཞི། ཧོང་ཀོང་རྒྱལ་ཁབ་བདེ་འཇགས་ཁྲིམས་ལུགས་ཞེས་པར་དོན་དམ་དོན་ཚན་འགག་ཅན་གང་དང་གང་ཡོད་དམ།
ཕྱི་ཟླ་ ༦ ཚེས་ ༣༠ ཉིན་གྱི་རྒྱ་ནག་གི་མཚན་མོའི་ཆུ་ཚོད་ ༡༡ ཐོག་རྒྱལ་སྤྱིའི་དོ་སྣང་ཤུགས་ཆེ་ཡོང་བའི་ཧོང་ཀོང་བདེ་འཇགས་ཁྲིམས་ལུགས་དེའི་ཞིབ་ཕྲའི་ནང་དོན་རྒྱ་ནག་གཞུང་ནས་ཁྱབ་བསྒྲགས་བྱས་ཡོད་པ་དང་། ཁྲིམས་དེའི་ནང་དོན་ཧོང་ཀོང་ས་གནས་གཞུང་གི་དཔོན་རིགས་ཚོས་ཀྱང་མཐོང་མེད་པ་ཧ་ཅང་གསལ་པོ་རེད་འདུག མཚན་མོ་ཁྱབ་བསྒྲགས་བྱེད་དགོས་པའི་རྒྱུ་མཚན་གཙོ་བའང་ཕྱི་ཟླ་ ༧ ཚེས་ ༡ ཧོང་ཀོང་རྩིས་ལེན་གྱི་དུས་དྲན་སྔོན་དུ་བདག་དབང་ངོམས་ཆེད་དེ་ལྟར་བྱས་པ་ཧ་ཅང་གསལ་པོ་རེད། ཁྲིམས་དེར་ཁྱོན་ལེའུ་དྲུག་དང་། དོན་ཚན་ ༦༦ ཡོད་ཅིང་། རྒྱལ་ཁབ་ཁ་བྲལ་གཏོང་བ་དང་། རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་པ། འཇིགས་སྐུལ་བྱ་སྤྱོད། ཕྱི་རྒྱལ་ལམ་ཕྱི་ཕྱོགས་ཀྱི་སྟོབས་ཤུགས་དང་ལྐོག་འབྲེལ་བྱས་ཏེ་རྒྱལ་ཁབ་བདེ་འཇགས་ལ་གནོད་པའི་བྱ་སྤྱོད་བཅས་ནག་ཉེས་བཞི་གཙོ་བོར་བཀོད་དེ་ཧོང་ཀོང་གཞི་རྩའི་བཅའ་ཁྲིམས་ཀྱི་ཟུར་ཡིག་གསུམ་པའི་འོག་ཏུ་བཅུག་ཡོད། འོ་ན་ཁྲིམས་ལུགས་དེར་དོ་སྣང་དགོས་པའི་དོན་གནད་གང་དང་གང་ཡོད་ཅེ་ན།
༡༽ དོན་ཚན་ ༡༤ པ། ཧོང་ཀོང་དུ་བཅའ་སྡོད་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་ལས་ཁུངས་ཀྱི་ལས་དོན་ཁག་ལས་ཁུངས་གང་རུང་དང་། སྒྲིག་འཛུགས། གང་ཟག་སྒེར་པ་སོགས་སུས་ཀྱང་ཐེ་གཏོགས་བྱེད་མི་ཆོག ཐག་གཅོད་གང་བྱས་པ་ཧོང་ཀོང་ཁྲིམས་འོག་ཏུ་བསྐྱར་ཞིབ་བྱ་མི་དགོས།
༢༽ དོན་ཚན་ ༡༦ པ། ཧོང་ཀོང་ཉེན་རྟོག་ལས་ཁུངས་ཁོངས་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་སྡེ་ཚན་ནས་ཧོང་ཀོང་ཕྱི་ཕྱོགས་ནས་ཆེད་ལས་མི་སྣ་དང་ལག་རྩལ་མི་སྣ་གདན་འདྲེན་ཞུ་སྟེ། རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་ཀྱི་ལས་དོན་ལ་གཞོགས་འདེགས་བྱ་ཆོག
༣༽ དོན་ཚན་ ༡༩ པ། ཧོང་ཀོང་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ ༼གསང་བ་ལས་ཁང་། ༽ ཀྱི་འགྲོ་གྲོན་གཞུང་ནས་གཏོང་བ་ཧོང་ཀོང་དུ་ལག་བསྟར་བྱེད་བཞིན་པའི་ཁྲིམས་སྒྲིག་གང་གི་བཀའ་བསྡོམ་འོག་ཚུད་མི་དགོས། ཧོང་ཀོང་ནོར་སྲིད་བློན་ཆེན་ནས་ལོ་ལྟར་འགྲོ་གྲོན་དང་སྟངས་འཛིན་སྐོར་ཧོང་ཀོང་གྲོས་ཚོགས་ལ་སྙན་ཐོ་འབུལ་དགོས།
༤༽ དོན་ཚན་ ༢༠ པ། རྒྱལ་ཁབ་ཁ་བྲལ་གྱི་བྱ་སྤྱོད་ཅེས་པ་དྲག་པོ་འཚེ་བའི་ལས་འགུལ་སྤེལ་ཡོད་མེད་ལ་ཆ་འཛིན་བྱ་མི་དགོས།
༥༽ དོན་ཚན་ ༢༢ པ། སྲིད་དབང་ལས་ཁུངས་མགོ་རྟིང་སློག་ཅེས་པའི་ཐ་སྙད་གང་གསལ་བ་དེ་ནི་ནག་ཉེས་བསགས་པའི་གོ་དོན་ཡིན་ཞིང་། གཞན་ཡང་། ཧོང་ཀོང་དམིགས་བསལ་ས་ཁུལ་གྱི་ལས་ཁུངས་སོགས་གཏོར་བཅོམ་བཏང་བའི་རིགས་ཀྱང་རྒྱལ་ཁབ་སྲིད་དབང་མགོ་རྟིང་བསློགས་པའི་ནག་ཉེས་སུ་བགྲང་ཆོག
༦༽ དོན་ཚན་ ༢༤ ། མི་ལ་འཚེ་བའི་ལས་ཚབས་ཆེན་དང་། འབར་གས། མེ་བརྒྱབ་པ། འགྲིམ་འགྲུལ་ཡོ་ཆས་གཏོར་བཤིག་བཏང་བ། འགྲིམ་འགྲུལ་དང་། འཐུང་ཆུ། གློག བརྡ་འཕྲིན་སོགས་ལ་གནོད་བསྐྱེལ་བ་ཆ་ཚང་འཇིགས་སྐུལ་བྱ་སྤྱོད་ལ་གོ་དགོས། ༼ འཇིགས་སྣང་བསྐུལ་བའང་དེའི་ཁོངས་སུ་བགྲང་ཆོག ༽
༧༽ དོན་ཚན་ ༢༩ པ། ཧོང་ཀོང་མི་སེར་ནས་དབུས་གཞུང་ངམ་ཧོང་ཀོང་ས་གནས་གཞུང་ལ་འཁོན་འཛིན་སློང་འཇུག་པ་མ་ཟད་མཇུག་འབྲས་ཚབས་ཆེན་བཟོས་པའི་རིགས་ཀྱང་ཕྱི་རྒྱལ་སྟོབས་ཤུགས་ཚོགས་པ་དང་ངན་འབྲེལ་བྱས་པར་ངོས་འཛིན་བྱ་ཆོག
༨༽ དོན་ཚན་ ༣༥ པ། ཁྲིམས་ཁང་ནས་གང་ཟག་སུ་རུང་རྒྱལ་ཁབ་བདེ་འཇགས་ལ་གནོད་འཚེ་བྱས་པའི་ནག་ཉེས་སུ་ཁྲིམས་ཐག་གཅོད་ཚེ། གང་ཟག་དེ་ཁྲིམས་བཟོའི་འཐུས་མིར་ལངས་རྒྱུ་དང་། ཁྲིམས་བཟོ་འཐུས་མིའི་ཐོབ་ཐང་མེད་པར་འགྱུར་དགོས། གཞན་ཡང་གཞུང་གི་ལས་གནས་གང་རུང་དང་། འོས་བསྡུ་ལྷན་ཁང་གི་འཐུས་མིར་ལངས་རྒྱུའི་ཐོབ་ཐང་ཡང་མེད།
༩༽ དོན་ཚན་ ༤༡ པ། རྒྱལ་ཁབ་ཀྱི་གསང་བ་དང་འབྲེལ་བ་ཆགས་ཀྱི་ཡོད་སྟབས། གྱོད་གཞི་ཞིབ་གཅོད་ཡོངས་གྲགས་བྱ་མི་རུང་ལ། གསར་འགྱུར་བརྒྱུད་ལམ་དང་མང་ཚོགས་ཞིབ་གཅོད་ཀྱི་བརྒྱུད་རིམ་ཕྲ་མི་ཙམ་ལའང་ཟུར་ཉན་བཀག་འགོག་བྱ་དགོས།
༡༠༽ དོན་ཚན་ ༤༣ པ། ཧོང་ཀོང་དམིགས་བསལ་ས་ཁུལ་གྱི་འཛིན་སྐྱོང་འགན་འཛིན་གྱི་བཀའ་འཁྲོལ་འོག ཉེན་རྟོག་པས་རྒྱལ་ཁབ་བདེ་འཇགས་ཀྱི་ནག་ཉེས་བསག་པའི་ཚུལ་མཐུན་དོགས་ཅན་མི་སྣའི་འཕྲིན་གཏོང་རྐུ་འཁྱེར་དང་། གསང་བས་ལྟ་ཞིབ་བྱ་ཆོག
༡༡༽ དོན་ཚན་ ༤༦ པ། ཁྲིམས་འཛིན་ལས་ཁུངས་ནས་རྒྱལ་ཁབ་ཀྱི་གསང་བ་རྒྱུ་མཚན་དུ་བགྲང་ནས། གཟུ་དཔང་ལྷན་ཚོགས་བསྐོ་གཞག་མི་དགོས་པའི་ཐག་གཅོད་བྱ་ཆོག
༡༢༽ དོན་ཚན་ ༥༤ པ། ཧོང་ཀོང་དུ་ཆེད་བཙུགས་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ནས་ཧོང་ཀོང་ས་གནས་གཞུང་དང་མཉམ་དུ། ཕྱི་རྒྱལ་དང་ཕྱི་ཕྱོགས་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་དང་གསར་འགྱུར་བརྒྱུད་ལམ་ཁག་ལ་དོ་དམ་དང་ཞབས་ཞུ་ཞུ་བར་ཤུགས་སྣོན་རྒྱག་དགོས།
༡༣༽ ཧོང་ཀོང་དུ་ཆེད་བཙུགས་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་བདག་སྐྱོང་དགོས་མིན་གཤམ་གསལ་དོན་ཚན་གསུམ་གྱི་ཐུགས་ཐག་གཅོད་དགོས། ཀ། ཧོང་ཀོང་གཞུང་ནས་བདག་སྐྱོང་བྱ་བར་དཀའ་ངལ་ཡོད་པའི་གྱོད་དོན་རྙོག་འཛིང་ཅན། ཁ། ཧོང་ཀོང་གཞུང་གི་ཐག་གཅོད་ནུས་མེད་དུ་གྱུར་བའི་གནས་ཚུལ་བྱུང་བ། ག རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་ཚབས་ཆེན་ཡོད་པ་བཅས།
༡༤༽ དོན་ཚན་ ༦༠ པ། ཧོང་ཀོང་དུ་ཆེད་བཙུགས་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་ལས་དོན་སྒྲུབ་པར་ཧོང་ཀོང་གཞུང་གི་མངའ་འོག་ཚུད་མི་དགོས་ཤིང་། ས་གནས་སུ་ལས་དོན་སྒྲུབ་སྐབས་ལག་འཁྱེར་སྟོན་རྒྱུ་ཡོད་པ་ཙམ་གྱིས་ཧོང་ཀོང་ས་ཁུལ་ཉེན་རྟོག་པ་སོགས་ཀྱིས་ཞིབ་བཤེར་བྱེད་མི་ཆོག་པ་མ་ཟད། ཧོང་ཀོང་དུ་ཆེད་བཙུགས་རྒྱལ་ཁབ་བདེ་འཇགས་ལས་ཁུངས་དང་། དེའི་ལས་མིར་ཧོང་ཀོང་གི་ཁྲིམས་སྒྲིག་ལས་བརྒལ་བའི་སྐུ་དབང་གཞན་དང་། ཁྲིམས་སྒོ་རང་བཙན་གྱི་ཐོབ་ཐང་ཡོད་ཅེས་གསལ་ཡོད།
གོང་གསལ་གྱི་དོན་ཚན་དེ་དག་ལ་ཅུང་ཙམ་དཔྱད་ན། ཧོང་ཀོང་བདེ་འཇགས་ཀྱི་ཁྲིམས་ལུགས་ཞེས་པར་ཁྲིམས་ཀྱི་ཆ་རྐྱེན་དང་དྲི་མ་སྤུ་ཙམ་མེད་ཅིང་། དེ་ནི་ཇག་ཚོགས་ཤིག་གིས་གྲོང་ཚོ་ཞིག་བཅོམ་སྐབས་གྲོང་ཚོའི་ཡུལ་མི་ཚོས་ཇག་དཔོན་དེར་བརྩི་བཀུར་མ་བྱས་ན་ཚང་མ་གསོད་རྡུང་བྱ་རྒྱུའི་ཁྲོམ་བསྒྲགས་སྦྱར་ཡིག་ལྟ་བུ་ལས་མ་འདས། དུས་རབས་ཉེར་གཅིག་པ་བརྡ་འཕྲིན་དུས་རབས་སུ་སླེབས་སྐབས། རྒྱ་ནག་གཞུང་ནས་ཧོང་ཀོང་ལྟ་བུའི་རྒྱལ་སྤྱིའི་གྲོང་ཁྱེར་ཆེན་པོ་ཞིག་ལ་ཁྲིམས་ལུགས་དེ་ལྟ་བུ་ཞིག་གཏན་འབེབས་དང་། ལག་བསྟར་བྱ་རྒྱུའི་གདེང་ཚོད་དང་སྤོབས་པ་གང་ནས་ཡོང་བའི་སྐོར་ངེས་པར་བསམ་གཞིགས་བྱེད་དགོས་པ་ནི་གནད་དོན་ཆེན་པོ་ཞིག་ཡིན།། ཁྲིམས་ལུགས་དེའི་དོན་ཚན་གང་ལ་བལྟས་ནའང་རྒྱལ་ཁབ་བདེ་འཇགས་ལ་གནོད་པའི་གྱོད་དོན་ཞེས་པ་གཞི་འཛིན་ས་གང་ཡང་མེད་པར། རྒྱ་ནག་གསང་བ་ལས་ཁུངས་ནས་ཆེད་གཏོང་ལས་བྱེད་དེ་ཚོས་མི་སུ་ལ་སྣང་བ་མི་འགྲོ་ན་དེ་རྒྱལ་ཁབ་བདེ་འཇགས་ལ་གནོད་མཁན་དུ་རྩིས་ནས་གང་བྱུང་འཇུ་བཟུང་བཀག་ཉར་དང་། ཁྲིམས་ཐག་གཅོད་པ། ཆབ་སྲིད་ཀྱི་ཐོབ་ཐང་འཕྲོག་པ། ལྷག་པར་དུས་དེ་ནས་བཟུང་རྒྱ་ནག་དབུས་གཞུང་ནས་ཐད་ཀར་ཧོང་ཀོང་དུ་རྒྱལ་ཁབ་བདེ་འཇགས་ལས་ཁུངས་བཙུགས་ཏེ། མི་དེ་དག་ཧོང་ཀོང་ཁྲིམས་ཀྱི་གོང་ན་ཡོད་པ་སོགས་མདོར་ན་ཧོང་ཀོང་ལ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་ཆབ་སྲིད་ཀྱི་ལམ་ལུགས་ཐལ་བའི་རྡུལ་དུ་བརླགས་ཟིན་པའི་མངོན་རྟགས་གསལ་ཤོས་ཡིན།
ལྔ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དེར་དོ་སྣང་ཇི་ཙམ་བྱེད་ཀྱི་ཡོད་དམ།
ད་ཐེངས་ཧོང་ཀོང་དུ་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་གཏན་འབེབས་དང་ལག་བསྟར་བྱ་རྒྱུ་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྔོན་ཆད་དང་མི་འདྲ་བར། དོ་སྣང་དང་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་པ་མ་ཟད། ཞིབ་ཕྲའི་ཁ་གཏད་ཀྱི་སྲིད་བྱུས་ཀྱང་རིམ་བཞིན་གཏན་འབེབས་དང་ལག་བསྟར་བྱེད་མགོ་བཙུགས་ཀྱི་ཡོད།
ཧོང་ཀོང་དང་འབྲེལ་བ་དམིགས་བསལ་ཡོད་པའི་ཨིན་ཇིའི་གཞུང་གི་སྲིད་བློན་(Boris Johnson)མཆོག་གིས་གསར་འགོད་ལྷན་ཚོགས་ཐོག་རྒྱ་གཞུང་གི་བྱས་སྟངས་དེར་དོ་སྣང་ཆེ་བཞེས་ཡོད་ཅེས་གསུངས་པ་མ་ཟད། ང་ཚོས་ཁྲིམས་དེའི་དོན་ཚན་རེ་རེར་དོ་སྣང་དམིགས་བསལ་གནང་སྟེ་དུས་ཚོད་རན་འཚམས་ཤིག་གི་སྐབས་སུ་བརྡ་ལན་སྤྲོད་ཀྱི་ཡིན་ཞེས་གསུངས། དེ་བཞིན་ཨིན་ཇིའི་ཕྱི་སྲིད་བློན་ཆེན་(Dominique Raab)མཆོག་གིས་པེ་ཅིང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འབོད་བསྐུལ་ལ་སྣང་མེད་དང་། ཧོང་ཀོང་ལ་འཛིན་དགོས་པའི་རྒྱལ་སྤྱིའི་འོས་འགན་ལ་སྣང་མེད་བཏང་སྟེ་ཁྲིམས་དེ་བཙན་གྱིས་གཏན་འབེབས་བྱས་པ་ནི་སེམས་ཁྲལ་དགོས་པའི་བྱ་སྤྱོད་ཚབས་ཆེན་ཞིག་རེད། ང་ཚོས་ཁྲིམས་གཞི་ཡོངས་རྫོགས་ལ་ཛ་དྲག་ལྟ་ཞིབ་བྱེད་དགོས་པ་དང་། དེ་རྗེས་ཁྲིམས་དེ་ཐུན་མོང་གི་བསྒྲགས་གཏམ་དང་འགལ་གྱི་ཡོད་མེད་ལ་གཞི་འཛིན་ཏེ། ཨིན་ཇིའི་གཞུང་ནས་བརྡ་ལན་གང་བྱེད་དགོས་པ་རིམ་པའི་ཐག་གཅོད་བྱ་རྒྱུ་ཡིན་ཞེས་གསུངས། ཧོང་ཀོང་དུ་ཨིན་ཇིའི་གཞུང་གི་སྐུ་ཚབ་མཐའ་མ་(Lord Patten)མཆོག་གིས་ཁྲིམས་དེ་ནི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་མཇུག་སྒྲིལ་བའི་མངོན་རྟགས་རེད་ཅེས་བསྡོམས་བརྒྱབ་ཡོད། ཨིན་ཇིའི་གཞུང་གི་མཐོ་རིམ་དཔོན་རིགས་ཚོས་གསུངས་བབ་དེ་དག་ལ་བརྟེན་ནས་ད་ལྟའི་ཆར་ཨིན་ཇིའི་གཞུང་ནས་ཧོང་ཀོང་དུ་ཡོད་པའི་ཨིན་ཇིའི་མི་སེར་ཕྱི་རྒྱལ་གྱི་ལག་འཁྱེར་(BNO)ལྡན་པ་གསུམ་འབུལ་ལྷག་དང་། ཐོབ་ཐང་དེ་ལེན་རྒྱུའི་ཆ་རྐྱེན་ཚང་བའི་ཧོང་ཀོང་བ་ས་ཡ་གསུམ་ཙམ་བཅས་ཐད་ཀར་ཨི་ལེན་དུ་གནས་སྤོ་བྱ་ཆོག་རྒྱུའི་སྲིད་བྱུས་གཏན་འབེབས་དང་ལག་བསྟར་བྱ་རྒྱུའི་མཚམས་སུ་སླེབས་ཡོད།
ཡུ་རོབ་མནའ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་(Charles Michel)མཆོག་གིས་རྒྱ་ནག་གི་བྱས་བབ་དེར་བློ་ཕམ་ཆེན་པོ་ཡོད་ཅེས་དང་། བྱང་མནའ་འབྲེལ་ཚོགས་པའི་དྲུང་ཆེ་(Jens Stoltenberg)མཆོག་གིས་རྒྱ་ནག་གིས་ང་ཚོ་མཉམ་དུ་མང་གཙོ་དང་། རང་དབང་། ཁྲིམས་ཀྱི་དབང་བསྒྱུར་གྱི་ལམ་ལུགས་མཉམ་སྤྱོད་བྱ་འདོད་མེད་པ་ཧ་ཅང་གསལ་པོ་རེད་ཅེས་གསུངས།
ད་ཐེངས་ཉི་ཧོང་གཞུང་ཡང་ཁུ་སིམ་མེར་སྡོད་མེད་ཅིང་། ཉི་ཧོང་ནང་སྲིད་བློན་ཆེན་དང་ཕྱི་སྲིད་བློན་ཆེན་གཉིས་ཀས་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་པ་དང་། ཉི་ཧོང་གསར་འགྱུར་བརྒྱུད་ལམ་ཁག་གིས་འགྲེལ་བརྗོད་བྱས་སྟངས་ལ་གཞིགས་ན། ཉི་ཧོང་གིས་རྣམ་འགྱུར་སྟོན་པ་དེ་ཕྱི་སྲིད་ཚིག་བརྗོད་དུ་སྐྱོན་བརྗོད་རིམ་པ་གཉིས་པའི་ཚད་དུ་སླེབས་པར་ངོས་འཛིན་གནང་གི་འདུག དེ་མ་ཟད་ཉི་ཧོང་གཞུང་ནས་ཨ་རི་དང་རྒྱ་ནག་གཞུང་དབར་མུ་མཐུད་འབྲེལ་བ་བཟོ་སྟེ་ས་ཁུལ་གྱི་བརྟན་ལྷིངས་སྲུང་སྐྱོབ་ལ་འབད་བརྩོན་བྱ་རྒྱུ་ཡིན་པའི་རྣམ་འགྱུར་གསལ་པོ་བསྟན་ཡོད།
ཧོང་ཀོང་གི་ཁྲིམས་གཞི་དེའི་སྐོར་རྣམ་འགྱུར་ཤུགས་ཆེ་ཤོས་སྟོན་མཁན་ནི་ཨ་རིའི་གཞུང་ཡིན་ཞིང་། རྒྱ་ནག་གིས་ཐོག་མ་ཁྲིམས་གཞི་དེ་གཏན་འབེབས་བྱ་རྒྱུ་ཡིན་པའི་གླེང་སློང་བྱུང་མ་ཐག ཨ་རིའི་གཞུང་གིས་གཙོས་སྟོབས་ཆེན་རྒྱལ་ཁབ་བདུན་གྱིས་དོ་སྣང་ཤུགས་ཆེ་གནང་སྟེ། ཁྲིམས་གཞི་གཏན་འབེབས་མཚམས་འཇོག་དགོས་པའི་བསྐུལ་མ་བཏང་ཡོད་པ་དང་། ཁྲིམས་གཞི་དེ་གཏན་འབེབས་ཉེ་བར་འཁེལ་སྐབས་ཨ་རིའི་ཚོང་འབྲེལ་ལས་ཁུངས་ནས་ཧོང་ཀོང་གི་དམིགས་བསལ་ཐོབ་ཐང་མེད་པ་བཟོ་རྒྱུའི་གསལ་བསྒྲགས་སྤེལ་ཏེ། དེའི་ནང་དུ་ཕྱི་ཚོང་ཆོག་མཆན་དཔང་ཡིག་ཆག་ཡང་དང་། ཚོང་གི་ཁྲོམ་རའི་དམིགས་བསལ་ཐོབ་ཐང་མེད་པ་བཟོ་རྒྱུ། ཧོང་ཀོང་ལ་འགོག་སྲུང་དམག་ཆས་ཚོང་རྒྱུ་མཚམས་འཇོག་བྱ་རྒྱུ་ཡིན་པ་མ་ཟད། དམངས་དམག་གཉིས་ཀའི་བེད་སྤྱོད་ཆོག་པའི་ལག་རྩལ་དམིགས་བསལ་རིགས་ཚོང་འབྲེལ་མི་ཆོག་པ་སོགས་ཚོང་ཕྱོགས་ཀྱི་བཀག་བསྡོམས་དང་། གཞན་ཡང་ཆབ་སྲིད་དང་འབྲེལ་བའི་ཐོག ཨ་རིའི་གྲོས་ཚོགས་གོང་འོག་གཉིས་མགྲིན་དབྱངས་གཅིག་གྱུར་གྱིས་ཨང་རྟགས་ HR7440 ཅན་ཧོང་ཀོང་རང་སྐྱོང་ཁྲིམས་ལུགས་འཕྲལ་དུ་གཏན་འབེབས་བྱས་ཏེ། ཧོང་ཀོང་དུ་རྒྱ་ནག་གི་རྒྱལ་ཁབ་བདེ་འཇགས་ཁྲིམས་ལུགས་ལག་བསྟར་བྱེད་མཁན་དང་། ཧོང་ཀོང་གི་རང་སྐྱོང་གནས་བབ་ལ་གཏོར་བཤིག་གཏོང་མཁན་གྱི་རྒྱ་ནག་དཔོན་རིགས་ཚོར་རིམ་པ་དང་པོའི་ཉེས་ཆད་འགེལ་རྒྱུ་དང་། གཞན་ཡང་རྒྱ་ནག་དཔོན་རིགས་དང་ཚོང་འབྲེལ་ཡོད་པའི་དངུལ་ཁང་ཁག་ལ་རིམ་པ་གཉིས་པའི་ཉེན་ཆད་འགེལ་རྒྱུའི་ཁ་ཡོད་ལག་ཡོད་ཀྱི་སྲིད་བྱུས་གཏན་འབེབས་གནང་འདུག ད་དུང་ཨ་རིའི་གཞུང་ནས་དེའི་སྔོན་ཙམ་ནས་ཐའེ་ཝན་གཞུང་དང་འབྲེལ་བ་ཤུགས་ཆེ་རུ་གཏོང་བཞིན་པ་དང་། ཧོང་ཀོང་དང་འབྲེལ་བའི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ཁྲིམས་འཆར། ཤར་ཏུ་ཀི་སི་ཐན་དང་འབྲེལ་བའི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ཁྲིམས་འཆར། བོད་དང་འབྲེལ་བའི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ཁྲིམས་འཆར་སོགས་རིམ་པར་གཏན་འབེབས་བྱས་ཏེ། ཆེས་མཐོ་ས་རྒྱ་ནག་དབུས་ཆབ་སྲིད་ཇུས་ཀྱི་རྒྱུན་ལས་ནས་ས་གནས་སོ་སོའི་དཔོན་རིགས་ཁག་ལ་ཕྱོགས་ཡོངས་ནས་བཀག་སྡོམ་ཉེས་ཆད་ཀྱི་སྲིད་བྱུས་ཁ་བཤད་ཙམ་མིན་པར་དངོས་སུ་ལག་བསྟར་བྱ་རྒྱུའི་གྲ་སྒྲིག་ཆ་ཚང་ཁྲིམས་ཐོག་ནས་གསལ་པོ་བཟོས་ཟིན་པའི་གསལ་བསྒྲགས་དང་གཏམ་བཤད་ཡང་ཡང་སྤེལ་འདུག
གཞན་ཡང་ཨོ་སི་ཀྲོ་ལི་ཡ་དང་། ཨིན་ལེན། ཁེ་ན་ཊ་བཅས་རྒྱལ་ཁབ་གསུམ་ཐུན་མོང་ཐོག་རྒྱ་ནག་གི་བྱས་བབ་དེར་སྐྱོན་བརྗོད་ཤུགས་ཆེ་བྱས་པ་དང་། ཨོ་སི་ཀྲོ་ལི་ཡ་གཞུང་ནས་ཨོ་གླིང་དང་ཧོང་ཀོང་དབར་ཉེན་ཅན་རྩིས་སྤྲོད་བྱ་རྒྱུའི་ཁྲིམས་ལུགས་མཚམས་འཇོག་རྩིས་མེད་བཏང་བ་མ་ཟད། ད་ལྟའི་ཆར་ཨོ་སི་ཀྲོ་ལི་ཡར་སློབ་སྦྱོང་དང་ལས་ཀའི་མཐོང་མཆན་ཐོག་གནས་བཞིན་པའི་ཧོང་ཀོང་བ་ཆིག་ཁྲི་ལྔ་སྟོང་ཙམ་ཡོད་པ་ཚང་མ་ལོ་ལྔའི་རིང་ཨོ་གླིང་དུ་སྡོད་ཆོག་པ་དང་། དེ་རྗེས་གཏན་སྡོད་ཆོག་མཆན་ཞུ་ཆོག་པ། གཞན་ཡང་འགྲོ་བ་མིའི་བདེ་རྩའི་ལས་འཆར་འོག་ཧོང་ཀོང་མི་སེར་གྱི་སྐྱབས་བཅོལ་ཞུ་ཆོག་པ་སོགས་ཀྱི་ཁྲིམས་གཞི་རིམ་པ་གཏན་འབེབས་བྱེད་ཡོང་གི་ཡོད།
དྲུག ཁྲིམས་གཞི་དེའི་ཤུགས་རྐྱེན་ཐེབས་ཡུལ་དང་མ་འོངས་ཧོང་ཀོང་གི་གནས་སྟངས་ཇི་ཆགས།
མདོར་ན། ད་ཐེངས་རྒྱ་ནག་གི་ཧོང་ཀོང་དུ་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་གཏན་འབེབས་བྱས་པ་དེ་ཧོང་ཀོང་མི་མང་དང་། ཧོང་ཀོང་ཁྲིམས་བཟོ་ལྷན་ཚོགས་སོགས་ཀྱིས་ཆ་ཤས་ལེན་རྒྱུའི་གོ་སྐབས་གང་ཡང་མེད་པར། རྒྱ་ནག་དབུས་གཞུང་ནས་ཧོང་ཀོང་མི་མང་གི་ཚབ་བྱས་ཏེ་ཐད་ཀར་ཁྲིམས་གཞི་གཏན་འབེབས་བྱས་པར་བརྟེན། ད་ཆ་ཧོང་ཀོང་གི་གནས་སྟངས་དེའང་རྒྱ་ནག་སྐམ་ས་དང་ངོ་བོ་གཉིས་མེད་དུ་ཆགས་པ་མ་ཟད། ད་དུང་རྒྱ་ནག་སྐམ་ས་ལས་དེ་བས་ཉེན་ཁ་ཆེ་བ་ཡོད་པའི་ཛ་དྲག་གནས་སྟངས་འོག་ལྷུང་ཡོད། ཁྲིམས་གཞི་དེའི་རྐྱེན་གྱིས་ཧོང་ཀོང་གི་གསར་འགྱུར་བརྒྱུད་ལམ་དང་། ཞི་བའི་ལས་འགུལ་སྤེལ་མཁན། ཁྲིམས་རྩོད་པའི་ལས་རིགས། རང་དབང་མང་གཙོའི་ལྟ་གྲུབ་འཛིན་མཁན་གྱི་ཆབ་སྲིད་ཚོགས་པ། གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག ཕྱི་རྒྱལ་གྱི་ཆབ་སྲིད་མི་སྣ་དང་འབྲེལ་བ་ཡོད་པའི་སྲིད་དོན་པ་སོགས་ཕྱོགས་ཡོངས་ནས་ཉེན་ཁའི་འོག་ལྷུང་འདུག་པ་དང་། ཧོང་ཀོང་དུ་སྟོབས་འབྱོར་ཆེ་བའི་ས་ཁང་བདག་པོ་ཚོའང་རྒྱ་ནག་གཞུང་ལ་བསྟུན་མཁས་མ་བྱས་ན་ས་ཁང་དང་རྒྱུ་ནོར་ཡོངས་རྫོགས་བཙན་འཕྲོག་བྱ་རྒྱུའི་ཉེན་ཁའི་འོག་ལྷུང་ཡོད། དེ་ལས་ཚབས་ཆེ་བ་ཞིག་ནི་ཕྱི་རྒྱལ་ལུང་པ་གང་རུང་དུ་ཡོད་པ་ཞིག་ནས་ཧོང་ཀོང་བདེ་འཇགས་ཁྲིམས་ལུགས་དང་འགལ་བར་ངོས་འཛིན་བྱུང་ཚེ་དེ་ལའང་ཉེས་ཆད་ཕོག་ངེས་ཡིན་པ་བཅས་རྒྱལ་སྤྱི་ཁྱོན་ཡོངས་ལ་བྱུས་གཏོགས་བྱ་རྒྱུའི་ཁྲིམས་གཞི་ཉེན་ཁ་ཅན་ཞིག་ཆགས་ཡོད།
ད་ལྟའི་ཆར་རྒྱ་ནག་དབུས་གཞུང་ནས་ཁྲིམས་གཞི་དེ་ལག་བསྟར་བྱེད་ཆེད་ཧོང་ཀོང་དུ་རྒྱལ་ཁབ་བདེ་འཇགས་ལས་ཁུངས་བཙུགས་ཟིན་པ་མ་ཟད། དེ་དང་འབྲེལ་བའི་ཞིབ་ཆའི་ལག་བསྟར་ཁྲིམས་སྲོལ་ཡང་རིམ་པ་བཞིན་གཏན་འབེབས་ལག་བསྟར་བྱས་ཏེ་ཧོང་ཀོང་བདེ་འཇགས་ལྷན་ཁང་ཞེས་པ་བསྐོ་འཛུགས་དང་། ཁྲིམས་དཔོན་བསྐོ་ཕྱོགས་ཡང་རྒྱ་ནག་དབུས་གཞུང་གི་སྟངས་འཛིན་འོག་འགྲོ་ཐུབ་མཁན་བཟོས་ཟིན་པ་བཅས་གནས་ཚུལ་དེ་དག་ལ་བལྟས་ན། ཧོང་ཀོང་དེ་བཞིན་རྒྱལ་སྤྱིའི་སྐད་གྲགས་ཅན་གྱི་དངུལ་རྩའི་བསྟི་གནས་དང་། རང་དབང་ཁྲོམ་རའི་བསྟི་གནས། རྒྱལ་སྤྱིའི་མ་དངུལ་འཇོག་སའི་བསྟི་གནས། གསར་འགོད་རང་དབང་གི་ལྷ་ཡུལ། རྒྱ་ནག་གི་མནའ་རབས་རིག་གཞུང་དང་དེང་དུས་རང་དབང་མང་གཙོའི་དཔལ་ཡོན་ཟུང་དུ་འབྲེལ་ནས་གཟི་འོད་འཕྲོ་ཤིང་མཚན་སྙན་གྱི་བ་དན་འཛམ་གླིང་ཡོངས་ལ་ཁྱབ་པའི་ཤར་ཕྱོགས་མུ་ཏིག་གི་གྲོང་ཁྱེར་ནས་ཤར་ཕྱོགས་གད་སྙིགས་ཀྱི་གྲོང་ཁྱེར་དུ་འགྱུར་བཞིན་པ་སྐྱི་གཡའ་བ་བརྗོད་ཀྱི་མི་ལངས་པའི་ཛ་དྲག་གནས་སྟངས་ཆགས་ཀྱི་ཡོད།
མདོར་ན། འཛམ་བུ་གླིང་དུས་རབས་ཉེར་གཅིག་པའི་ལོ་རབས་ཉི་ཤུར་སླེབས་སྐབས། རྒྱ་ནག་གཞུང་གི་དཔོན་རིགས་ཚོས་ལོ་རྒྱུས་འཕེལ་རྒྱས་ཀྱི་གོམ་པ་མདུན་སྤོ་མ་བྱས་པར་ཁ་ལོ་ཕྱིར་བསྐོར་བྱས་ཏེ། སྲིད་དབང་སྒེར་གཅོད་དང་རྒྱལ་སྤྱིའི་བཙན་དབང་རིང་ལུགས་ཀྱི་སྨྱོན་སྤྱོད་རྒྱ་ཁྱབ་སྤེལ་བ་དེས། རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁག་ཚང་མ་དོགས་འདྲོགས་དང་ཞེད་སྣང་འོག་ཚུད་ཀྱི་ཡོད་ལ། རྒྱ་དཀར་ནག་གཉིས་དབར་ས་མཚམས་དམག་འཐབ་ཀྱི་གདོང་ཐུག ཐའེ་ཝན་ལ་དཔུང་དམག་གིས་འཇིགས་བསྐུལ་བྱས་པ། ཨ་རྒྱ་གཉིས་དབར་གྱི་ཚོང་འབྲེལ་དམག་འཐབ་ལས་རྒྱ་ནག་དང་ནུབ་ཕྱོགས་ཡར་ཐོན་རྒྱལ་ཁབ་བར་གྱི་འགལ་ཟླ་དང་གདོང་ཐུག་སྔར་ལས་རྣོ་ངར་དང་ཛ་དྲག་ཆེ་རུ་འགྲོ་བཞིན་པ། རྒྱ་ནག་ནང་ཁུལ་དུ་མཐོ་རིམ་དཔོན་རྒྱུད་བར་གྱི་འགལ་ཟླ་དང་མང་ཚོགས་འདོད་པ་མ་ཁེངས་པའི་རྣམ་འགྱུར་མངོན་གསལ་དུ་དོན་བཞིན་པ། རང་བྱུང་ཁམས་ཀྱི་གནོད་འཚེ་དང་མིས་བཟོས་པའི་སྡུག་བསྔལ་གྱི་བར་ཆད་ཟམ་མི་ཆད་པ་ཡོང་བཞིན་པ་སོགས། རྒྱ་ནག་དེ་བཞིན་གྲོགས་མེད་ཁེར་རྐྱང་གི་གླེང་ཕྲན་ཞིག་ཏུ་ལྷག་སྟེ་ཕྱོགས་བཞི་དགྲ་བོའི་ཁེངས་པ་དང་། ཡ་མཚན་ལྟས་ངན་གྱི་རྟགས་མཚན་འདྲ་མིན་ཐོན་ཏེ། རྒྱ་ནག་དམངས་ཁྲོད་དུ་དེ་ནི་ལོ་གསུམ་གྱི་ནང་ཚུད་རྒྱ་ནག་ལ་དུས་འགྱུར་ཆེན་པོ་ཞིག་ཡོང་རྒྱུའི་སྔ་ལྟས་ཡིན་པའི་འགྲེལ་བཤད་བརྒྱབ་ཀྱི་ཡོད་དོ། ཕྱི་ལོ་ ༢༠༢༠ ཟླ་ ༧ པར། ཨོ་གླིང་རྒྱལ་ས་ཁེན་བྷེ་ར་གྲོང་ཁྱེར་ལ།། །།
རྩོམ་པ་པོ་ཨོ་སི་ཀྲོ་ལི་ཡ་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་འབའ་བ་སྐལ་བཟང་རྒྱལ་མཚན་ལགས། གོང་གི་རྩོམ་དེ་བཞིན་སྒེར་གྱི་བསམ་ཚུལ་ལས་བོད་མིའི་སྒྲིག་འཛུགས་ཀྱི་བསམ་ཚུལ་ཡིན་པའི་ཁྱབ་པ་མེད།