ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡༣ རེས་གཟའ་ཟླ་བ།
༄༅། །ཨི་ཊ་ལིའི་གྲོས་ཚོགས་ཚོགས་འདུ་འཚོགས་བཞིན་པ་དང་བསྟུན། ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༩ ཉིན་ཨི་ཊ་ལིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་མེ་ཊེའོ་ Matteo Lungi Bianchi མཆོག་གིས།
ཨི་ཊ་ལིའི་གྲོས་ཚོགས་ནང་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དབང་ཡོད་དང་དྲག་གནོན་བྱེད་བཞིན་ཡོད་སྟབས། ནུབ་ཕྱོགས་པའི་རྒྱལ་ཁབ་རྣམས་ཁ་ཁུ་སིམ་པོའི་ངང་སྡོད་ཐབས་མེད། ཅེས་གསུང་།
དེ་ཡང་ཨི་ཊ་ལིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་མེ་ཊེའོ་མཆོག་གིས། རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དད་དང་འབྲེལ་བའི་དར་ལྕོག་རྣམས་གཏོར་བཤིག་བཏང་བ་ནི། ཐད་ཀར་བོད་མིའི་སྲོལ་རྒྱུན་ཆོས་དད་དང་རིག་གཞུང་ལ་རྩིས་མེད་རྡོག་རོལ་བཏང་བ་ཡིན་པས། ཧ་ཅང་སེམས་འཚབ་བྱེད་དགོས་པ་ཞིག་རེད། ཅེས་དང་། ཨི་ཊ་ལིའི་གཞུང་ཚུད་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་རྒྱ་ནག་གཞུང་གི་དབང་ཆ་གཅིག་སྡུད་རིང་ལུགས་ལ་མཐའ་གཅིག་ཏུ་ངོ་རྒོལ་གྱིས་གླེང་སློང་གནང་དགོས་པ་མ་ཟད། རྒྱ་ནག་གཞུང་གིས་གཞིས་ལུས་བོད་མིའི་ཐོག་མནར་གཅོད་གཏོང་བྱེད་བཞིན་པ་མཚམས་འཇོག་བྱེད་དགོས། ཞེས་གསུང་།
གཞན་ཡང་སྐུ་ཞབས་མེ་ཊེའོ་མཆོག་གིས། རྒྱ་ནག་གཞུང་གིས་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་བཅའ་ཁྲིམས་ཞེས་པ་ཞིག་ལག་བསྟར་བྱེད་འགོ་བཙུགས་པ་ནས་བཟུང་། ཧོང་ཀོང་ནང་གི་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་། རང་སྲིད་རང་སྐྱོང་གི་གནས་བབ་སོགས་མེད་པར་ཆགས་ཡོད། ཅེས་གསུངས།།