ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡༥ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡༥ ཉིན་རྒྱབ་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ (CBSE) ནས་ཕྱི་ལོ་ ༢༠༢༠ ལོའི་འཛིན་རིམ་བཅུ་པའི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས་གནང་ཡོད།
དེ་ཡང་འདི་ལོའི་ཕྱི་ཟླ་ ༣ ནང་བཙན་བྱོལ་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་ ༢༧ ནས་སློབ་ཕྲུག་གྲངས་ ༡༡༥༤ ཡིག་རྒྱུགས་ནང་འཛུལ་ཞུགས་གནང་ཡོད་ཅིང་། སློབ་ཕྲུག་གྲངས་ ༡༠༨༡ ཡིག་རྒྱུགས་འཕྲོད་ཡོད་པ་མ་ཟད། རྒྱུགས་འཕྲོད་ཆ་སྙོམས་བརྒྱ་ཆ་ ༩༣་༦༧ ལོན་འདུག
འདི་ལོའི་འཛིན་རིམ་བཅུ་པའི་ཡིག་རྒྱུགས་གྲུབ་འབྲས་ནི། འདས་པའི་ལོ་ངོ་གསུམ་གྱི་གྲུབ་འབྲས་ལས་གྲངས་འབོར་དང་སྤུས་ཚད་གང་ཅིའི་ཐད་ལེགས་པ་བྱུང་འདུག་པ་མ་ཟད། ཆ་སྙོམས་བརྒྱ་ཆ་ ༡་༠༤ དང་། རྒྱུགས་འཕྲོད་བརྒྱ་ཆ་ ༡་༣༦ བཅས་ཀྱིས་འཕར་ཆ་བྱུང་ཡོད། གཞན་ཡང་བརྒྱ་ཆ་ ༡༠༠ ཡིག་རྒྱུགས་འཕྲོད་པའི་སློབ་གྲྭའི་གྲངས་ ༡༢ དང་། བརྒྱ་ཆ་ ༩༠ ཡན་ལོན་པའི་སློབ་ཕྲུག་ ༡༩ བྱུང་འདུག་པ་དང་། ཧར་པ་པུར་ཉིན་སློབ་ཀྱི་སློབ་མ་དེ་ཝཡཱ་ཅཱོ་དྷ་རི་ Divya Choudhary ཡིས་བརྒྱ་ཆ་ ༩༥་༦ ལོན་ཏེ་གཏན་ཉིན་སློབ་གྲྭ་ཁག་ཡོངས་ནས་རྩེ་ཕུད་རེད་འདུག
འདི་ལོའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་པའི་ཡིག་རྒྱུགས་ཆེན་མོའི་ནང་བོད་སློབ་རྩེ་ཕུད་བཅུ་ནི། རཇ་པུར་བོད་ཁྱིམ་དང་། སཾ་བྷོ་ཌ་བསུ་ན་མདའ། སཾ་བྷོ་ཌ་ཅནྡྲ་གི་རི། སཾ་བྷོ་ཌ་མོན་གྷོ། སཾ་བྷོ་ཌ་ཅོན་ཏ་ར། ཀ་སྦུག་གཏན་སློབ། མ་སུ་རི་བོད་ཁྱིམ། སཾ་བྷོ་ཊ་སི་ཝི་པི། སཾ་བྷོ་ཊ་སྦེལ་ཀོབ། དོན་གྲུབ་གླིང་ནེ་རུ་དྲན་རྟེན་སློབ་གྲྭ་བཅས་ཡིན་པ་དང་། དེ་དག་གི་ཁྲོད་ནས་སློབ་གྲྭ་ ༦ སཾ་བྷོ་ཊའི་ཁྱབ་ཁོངས་ཡིན་པ་དེས་སློབ་གྲྭ་རྩིས་བླངས་ནས་གྲུབ་འབྲས་ཡག་པོ་སྨིན་ཡོད་པ་ཁུངས་སྐྱེལ་བྱས་ཡོད།
སྤྱིར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་མཐུན་འགྱུར་འོག་བཙན་བྱོལ་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་གི་འཛིན་རིམ་བཅུ་གཉིས་ཀྱི་སློབ་ཕྲུག་རྣམས་ལ་ཟབ་ཁྲིད་གནང་ཡོད། གལ་ཏེ་འཛིན་རིམ་བཅུ་པའི་སློབ་ཕྲུག་རྣམས་ལའང་ཟབ་ཁྲིད་གནང་རྒྱུའི་གོ་སྐབས་བྱུང་ཚེ་ཡིག་རྒྱུགས་གྲུབ་འབྲས་ཀྱི་བརྒྱ་ཆ་ ༩༥ ལྷག་ལོན་ཐུབ་ངེས་ཡིན།།