ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡༠ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༦ ཉིན་འཛམ་གླིང་གི་ཡུལ་གྲུ་གང་སར་གནས་པའི་བཙན་བྱོལ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་སོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༥ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་དྲྭ་རྒྱའི་བརྒྱུད་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
དེ་ཡང་མགོན་པོ་གང་ཉིད་མཆོག་དགུང་གྲངས་ ༨༥ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་ཉིན་མོ་ཨུ་རུ་སུའི་གནད་ཡོད་མི་སྣ་དང་སེར་སྐྱ་མང་ཚོགས་སོགས་ནས་སྲུང་བརྩི་ཞུ་རྒྱུའི་གོ་སྐབས་བསྐྲུན་སླད་རུ་སོག་སྐུ་ཚབ་དོན་གཅོད་དང་བོད་སྐྱོབ་དགེ་རྩ་ཚོགས་པ་ Save Tibet Foundation གཉིས་ཟུང་འབྲེལ་ཐོག་དྲ་ཚིགས་གསར་བཟོ་གནང་ཡོད་པ་དང་།
བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡ ནས་ ༢༠༢༡ ཟླ་ ༦ ཚེས་ ༣༠ བར་ལོ་གཅིག་རིང་༧གོང་ས་ལྷ་མིའི་རྣམ་འདྲེན་རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་ལ་བཀའ་དྲིན་རྗེས་དྲན་ལོར་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས། མང་ཚོགས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༥ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་རྒྱུ་གལ་ཆེན་ཡིན་པ་མ་ཟད། ཨ་རུ་སུའི་ནང་པ་ཚོས་མགོན་པོ་གང་ཉིད་མཆོག་གི་དགོངས་གཞི་ལག་བསྟར་གནང་དགོས་པའི་འབོད་སྐུལ་ཡང་གནང་ཡོད།
དེ་བཞིན་ཨུ་རུ་སུའི་རོལ་མོ་སྒྱུ་རྩལ་བ་གྲགས་ཅན་བྷོ་རི་སི་ Boris Grebenshikov ལགས་དང་། གློག་བརྙན་བཟོ་མཁན་གྲགས་ཅན་ཝི་ཊ་ལེ་མན་སི་ཀེ་ Vitaly Manski ལགས། ཨུ་རུ་སུའི་ཚན་རིག་ཤེས་ཡོན་བསྟི་གནས་ཁང་ The Russian Academy of Sciences གི་དབང་རྩའི་ཚན་རིག་པ་གྲགས་ཅན་ཀོན་སི་ཊན་ཊིན་ Konstantin Anokhin ལགས། མོ་སི་ཁོ་མངའ་སྡེའི་མཐོ་སློབ་ Moscow State University ཁང་གི་དགེ་རྒན་ཆེན་མོ་ཨ་ལེ་ཛན་ཌར་ཀ་པི་ལན་ Prof. Alexander Kaplan ལགས་དང་། དེ་བཞིན་ཨུ་རུ་སུའི་མངའ་ཁོངས་ཀྱི་གནད་ཡོད་མི་སྣ་དང་དགོན་པའི་མཁན་པོ། སེར་སྐྱ་མང་ཚོགས་སོགས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༥ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ་དང་འབྲེལ་དུས་དྲན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
གཞན་ཡང་ཕྱི་ལོ་ ༡༩༩༠ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཅེག་སྤྱི་མཐུན་རྒྱལ་ཁབ་ལ་གདན་འདྲེན་ཞུས་པ་ལྟར་༸ཞབས་སོར་བཀའ་དྲིན་བསྐྱངས་ཏེ་ལོ་ངོ་ ༣༠ འཁོར་བའི་དུས་དྲན་གྱི་མཛད་སྒོ་དང་བསྟུན། ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༩ ཉིན་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པི་རག་ Prague ནང་རྟེན་གཞི་བྱས་པའི་བོད་ཁང་ Tibet Open House གིས་པར་རིས་འགྲེམས་སྟོན་ཞིག་དབུ་འབྱེད་གནང་ཡོད་པ་དང་། ཐེངས་འདིའི་པར་རིས་འགྲེམས་སྟོན་ནི་སི་ཊན་ཌ་ཌོ་ལེ་ཛལ་ Standa Dolezal ལགས་ཀྱིས་བླངས་པའི་དམིགས་བསལ་པར་རིས་སྐོར་ཡིན་ཞིང་། པར་རིས་འགྲེམས་སྟོན་དེ་བཞིན་ཕྱི་ལོ་ ༢༠༢༠ ཟླ་ ༩ ཟླ་མཇུག་བར་འགྲེམས་སྟོན་གནང་རྒྱུ་ཡིན་པ་རེད། པར་རིས་འགྲེམས་སྟོན་དེ་བརྒྱུད་བོད་ཁང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་ཉིན་མོར་འཚམས་འདྲི་ཞུས་ཡོད།
དེ་བཞིན་ལྷོ་ཨ་མི་རི་ཁའི་སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་ལགས་དང་ལྷན་དུ་མེཀ་སི་ཁོའི་བོད་ཀྱི་ལས་ཁུངས་ Casa Tibet ཀྱི་འགན་འཛིན་སྐུ་ཞབས་ཊོན་ནེ་ཀ་རམ་ Tony Karam ལགས། མེཀ་སི་ཁོ་འབྲས་སྤུངས་བློ་གསལ་གླིང་གི་དགེ་བཤེས་ཤེས་རབ་ཆོས་འཕེལ་ལགས། བྷར་སིལ་ Brazil ཡུལ་གྱི་རྒྱལ་ས་སྭ་པོ་ལོའི་ནང་ Sao Paulo City ནང་རྟེན་གཞི་བྱས་པའི་ས་སྐྱ་དགོན་པའི་བླ་མ་རིན་ཆེན་ལགས་སོགས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༥ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་ཉིན་མོར་འཚམས་འདྲི་དང་འབྲེལ་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
ཕྱོགས་མཚུངས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གིས་གོ་སྒྲིག་གནང་དང་བཅས་ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༦ ཉིན་གྱི་སྔ་དྲོ་ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་ཁང་གི་ངོ་དེབ་བརྒྱུད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༥ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་ཐད་གཏོང་ཐོག་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་དང་ལྷན་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས། ཨ་རིའི་རྒྱལ་ཡོངས་མང་གཙོ་ཡར་རྒྱས་བསྟི་གནས་ཁང་ National Endowment for Democracy གི་འགན་འཛིན་ཁར་ལི་ Carl Gershman མཆོག ཁེ་ན་ཌའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨ་རིབ་ཝི་ར་ནི་ MP Arif Virani མཆོག འབྲི་གུང་ཆོས་ཚོགས་ཀྱི་མཁན་པོ་བསམ་གྲུབ་མཆོག བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་བཀྲ་ཤིས་དོན་འགྲུབ་ལགས་སོགས་ནས་དྲ་རྒྱ་བརྒྱུད་མགོན་པོ་གང་ཉིད་མཆོག་དགུང་གྲངས་ ༨༥ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས།།