ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༧ རེས་གཟའ་མིག་དམར།
༄༅། །མཚུངས་མེད་རིས་མེད་དགོན་སྡེ་ཁག་དང་། སེར་སྐྱ་མང་ཚོགས་ཐུན་མོང་ལ།
ཆེད་ཞུ། འདི་ནས་ ༢༠༢༠ ཟླ་ ༤ ཚེས་ ༡ དང་ཕྱི་ཚེས་ ༢ ཉིན་སོ་སོར་ཏོག་དབྱིབས་གཉན་རིམས་ ༡༩ ཞེས་པའི་ནད་ཡམས་འདི་ཞི་ཐབས་སུ། པདྨའི་མནོལ་བསང་གི་ཕྱག་དཔེ་དང་ཕྱག་བཞེས་ཡོད་མཁན་དང་། དེ་ལྟར་ཕྱག་བཞེས་མེད་མཁན་རྣམས་ནས་རི་བོ་བསང་མཆོད་དང་། བསང་ཆུང་ཡིད་བཞིན་ནོར་བུ། ལྷ་བསང་རྣམ་དག་ཆོས་སྐུ་མ་བཅས་གང་རུང་ངམ། རང་ལུགས་བསང་ཆོག་ཇི་ཡོད་བསང་སྣ་དང་རྫས་ཆ་རིགས་ཅི་འབྱོར་གྱིས་གསུང་འདོན་གནང་ཐབས་དགོས་པའི་ཛ་དྲག་གསལ་བསྒྲགས་སྔོན་སོང་བཞིན། དགོན་སྡེ་ཁག་དང་སེར་སྐྱ་ཕོ་མོ་རྣམས་ནས་གསལ་བསྒྲགས་ནང་གསལ་གྱི་གཟའ་ཚེས་སོ་སོར་རང་ལུགས་བསང་ཆོག་ཆད་མེད་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་དང་ཆབས་ཅིག ད་ལྟའི་ཆར་འཛམ་གླིང་ནང་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ ༡༩ ཡི་ཛ་དྲག་གི་གནས་སྟངས་མུ་མཐུད་གནས་ཡོད་པར་བརྟེན། ནད་ཡམས་མ་ཞི་བར་དུ་མུ་མཐུད་མནོལ་བསང་སོགས་རང་ལུགས་བསང་ཆོག་ཇི་ཡོད་རེས་གཟའ་ལྷག་པ་དང་བོད་ཚེས་ ༡༠ ནམ་ཡིན་ལ་སྔ་དྲོ་ཆོུད་ ༧ ཐོག་ཉིན་བརྒྱ་དུས་གཅིག་བྱས་ཏེ་བསང་ཆོག་གསུང་འདོན་གནང་ཐབས་ཡོང་བའི་འབོད་བསྐུལ་གསལ་བསྒྲགས་སུ། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༧ ལ་སྤེལ།།