ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༢༧ རེས་གཟའ་ཟླ་བ།
༄༅། །འཕགས་བོད་གཉིས་ཀྱི་མ་འོངས་འཐབ་ཇུས་ཀྱི་འབྲེལ་ལམ་གོང་མཐོར་གཏོང་སླད་ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༢༡ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱིས་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ། འཕགས་བོད་མཛའ་འབྲེལ་ཚོགས་པ་སོགས་ཀྱི་ཚོགས་མི་རྣམས་ལ་དྲ་ཐོག་བགྲོ་གླེང་བསྐོང་ཚོགས་གནང་ཡོད།
དེ་ཡང་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ National Convener, Core Group for Tibetan Cause ཚོགས་གཙོ་རིན་ཆེན་མཁའ་འགྲོ་ཁིར་མེ་ R.K.Khrimey ལགས་ཀྱིས། དྲ་ཐོག་བགྲོ་གླེང་སྟེང་མཉམ་ཞུགས་གནང་མཁན་ཡོངས་ལ་འཚམས་འདྲི་དང་སྦྲགས། བོད་ཀྱི་གནད་དོན་ནི་ད་ལྟ་ཛ་དྲག་ཅན་དུ་ཆགས་ཡོད་པ་མ་ཟད། བོད་ཀྱི་གནད་དོན་ནི་བོད་མི་གཅིག་པུའི་གནད་དོན་མ་ཡིན་པར་ཧི་མ་ལ་ཡ་རི་རྒྱུད་ཀྱི་མི་རིགས་ཡོངས་ལ་གལ་ཆེན་པོ་ཆགས་ཡོད། ཅེས་དང་། བོད་དོན་འཐབ་རྩོད་ཀྱི་མེ་ལྕེ་གསོན་པོར་གནས་པར་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཡོངས་ནས་རྒྱབ་སྐྱོར་ཤུགས་ཆེ་གནང་དགོས། ཞེས་གསུངས།
ཕྱོགས་མཚུངས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་རྒྱ་གར་བོད་དོན་རྒྱབ་སྐྱོར་འབྲེལ་མཐུད་ཁང་གི་འགན་འཛིན་སྐུ་ཞབས་ཨམ་རུ་ཏི་ཇོ་ཤི་ Shri Amruth Joshi ལགས་ཀྱིས་འཕགས་བོད་གཉིས་ཀྱི་འབྲེལ་ལམ་ནི་བདེ་སྲུང་གི་འབྲེལ་ལམ་ལས་བརྒལ་བའི་ཆོས་དང་རིག་གཞུང་། བོད་ཀྱི་གསོ་བ་རིག་པ། བླ་སློབ་ཀྱི་འབྲེལ་ལམ་ཞིག་ཆགས་ཡོད། ཅེས་གསུངས།
དེ་བཞིན་རྒྱ་གར་བྱང་ཕྱོགས་ཁུལ་གྱི་རྒྱ་གར་བོད་དོན་རྒྱབ་སྐྱོར་འབྲེལ་མཐུད་ཁང་གི་ཟུང་འབྲེལ་འགན་འཛིན་ཨ་གྷི་ནི་ཧོ་ཊི་རི་ Dr K. C. Agnihotri ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་མིའི་འདུ་ཤེས་རྩ་གཏོར་གཏོང་སླད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་པཎ་ཆེན་རིན་པོ་ཆེ་མཆོག་གི་བླ་བྲང་གི་སྒྲིག་འཛུགས་སོགས་རྩ་གཏོར་གཏོང་རྒྱུའི་ཐབས་ཤེས་ཡོད་དགུ་རྩལ་སྤྲུག་བྱས་ཡོད། འོན་ཀྱང་རྒྱ་ནག་གཞུང་གི་ཐབས་ཤེས་དེ་དག་ལམ་ལྷོངས་བྱུང་མེད། ཅེས་སོགས་གསུངས།
གཞང་ཡང་རྒྱ་གར་ཤར་ཕྱོགས་ཁུལ་གྱི་བོད་དོན་རྒྱབ་སྐྱོར་འབྲེལ་མཐུད་ཁང་གི་ཟུང་འབྲེལ་འགན་འཛིན་སྐུ་ཞབས་སུ་རིན་དི་ར་ཀུ་མར་ Surenderer Kumar ལགས་ཀྱིས། རྒྱ་ནག་གི་རྒྱ་སྐྱེད་རིང་ལུགས་ཀྱི་སྲིད་བྱུས་ལ་མཐའ་གཅིག་ཏུ་ངོ་རྒོལ་གནང་བ་དང་འབྲེལ་མོ་དི་གཞུང་གིས་རྒྱ་ནག་གཞུང་དང་ལྷན་ཐེངས་ ༡༨ ཙམ་གྲོས་མོལ་གནང་ཡོད་ཀྱང་ལམ་ལྷོངས་བྱུང་མེད་སྟབས། རྒྱ་གར་གཞུང་གིས་རྒྱ་ནག་ཐོག་སྲིད་བྱུས་མཁྲེགས་པོ་ཞིག་གཏན་འབེབས་གནང་དགོས། ཞེས་སོགས་གསུངས།
ཐེངས་འདིའི་དྲ་ཐོག་བགྲོ་གླེང་སྟེང་མཉམ་ཞུགས་གནང་མཁན་མི་གྲངས་ ༣༥ ནས་ཁ་གཅིག་གྲག་གིས་རྒྱ་གར་གཞུང་གིས་རྒྱ་ནག་ཐོག་འཐབ་ཇུས་གསར་པ་ཞིག་གཏན་འབེབས་གནང་དགོས་པ་དང་། མ་འོངས་པར་དྲ་ཐོག་བགྲོ་གླེང་འདི་ལྟ་བུ་མུ་མཐུད་བསྐོང་ཚོགས་གནང་དགོས་པའི་གལ་གནད་སོགས་ཀྱི་སྐོར་གསུངས།།