ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡༤ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡༤ རེས་གཟའ་མིག་དམར་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣ ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དབུ་བཞུགས་ཐོག ཤེས་རིག་བཀའ་བློན་འབུམ་རམས་པ་པདྨ་དབྱངས་ཅན་མཆོག་དང། ཤེས་རིག་དེང་སྲོལ་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས། ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ཆེ་རྣམ་གཉིས། དེ་བཞིན་ཕྱི་ནང་གི་གསར་འགོད་པ་བཅས་ཚང་འཛོམས་ཐོག་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་སྐོར་གསར་འགོད་གསལ་སྤེལ་གནང་ཡོད།
སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་འབུམ་རམས་པ་པདྨ་དབྱངས་ཅན་མཆོག་གིས་གསུང་དོན། ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡༣ ཉིན་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་གསལ་བསྒྲགས་གནང་ཡོད། དེ་ཡང་འདི་ལོའི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་འཛིན་རིམ་བཅུ་གཉིས་ཡིག་རྒྱུགས་གྲུབ་འབྲས་དེ་བཞིན་སྔར་བྱུང་མ་མྱོང་བའི་གྲུབ་འབྲས་བཟང་པོ་ཐོན་ཡོད་པ་མ་ཟད། འདི་ལོར་སློབ་ཕྲུག་མང་པོ་ཞིག་འཛིན་རིམ་བཅུ་གཉིས་ཐོན་ཐུབ་པ་བྱུང་འདུག ཐོག་མར་འཛིན་རིམ་བཅུ་གཉིས་ཀྱི་སློབ་ཕྲུག་གཙོས་པའི་སློབ་གྲྭའི་དགེ་ལས་རྣམ་པ་སྤྱི་དང་། ལྷག་པར་སྲིད་སྐྱོང་སློབ་ཡོན་བཞེས་མཁན་སློབ་ཕྲུག་གྲངས་ ༡༩ བཅས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་ཆེན་པོ་མཆོག་ཐོག་མར་རྒྱ་གར་འཕགས་པའི་ཡུལ་དུ་ཆིབས་སྒྱུར་བསྐྱངས་རྗེས་ཤེས་ཡོན་གལ་ཆེར་བརྩིས་ཏེ་བོད་པའི་སློབ་གྲྭ་ཟུར་དུ་གསར་བཙུགས་གནང་བར་བརྟེན་ད་ཆ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་སྟངས་འཛིན་འོག་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་གྲུབ་འབྲས་བཟང་པོ་ཐོན་པ་དེ་ནི་མགོན་པོ་གང་ཉིད་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་ཡིན།འདི་ལོའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཆེན་མོའི་ནང་བོད་པའི་སློབ་གྲྭ་ཁག་ ༡༦ ནས་སློབ་ཕྲུག་གྲངས་ ༡༠༡༦ ཡིག་རྒྱུགས་ནང་འཛུལ་ཞུགས་བྱས་ཡོད་པའི་ཁོངས་ནས་སློབ་ཕྲུག་གྲངས་ ༩༩༨ ཡིག་རྒྱུགས་འཕྲོད་ཡོད་པ་དང་། བཙན་བྱོལ་བོད་མིའི་སློབ་གྲྭའི་ཆ་སྙོམས་བརྒྱ་ཆ་ནི་ ༩༨་༢༣ ལོན་ཡོད་པར་བརྟེན་སྔ་ལོའི་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་ལས་བརྒྱ་ཆ་ ༡.༢༣ འཕར་ཆ་བྱུང་ཡོད་པ་མ་ཟད། སྤུས་ཚད་ཀྱི་ཆ་ནས་བརྒྱ་ཆ་ ༩།༥༥ འཕར་ཡོད། བཙན་བྱོལ་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་བཅུ་དྲུག་ནང་ནས་བརྒྱ་ཆ་བརྒྱ་ཡིག་རྒྱུགས་འཕྲོད་པ་སློབ་གྲྭ་བཅུ་བྱུང་ཡོད། དེའི་ཁོངས་ནས་བརྒྱ་ཆ་ ༩༠ ཡན་ལོན་པའི་སློབ་ཕྲུག་གྲངས་ ༩༡ བྱུང་འདུག
འདི་ལོ་སྲིད་སྐྱོང་སློབ་ཡོན་བཞེས་མཁན་སློབ་ཕྲུག་ ༡༩ བྱུང་བའི་ཁོངས་ནས་མ་སུ་རི་བོད་ཁྱིམ་ནས་སློབ་ཕྲུག་ ༡༤ དང་། མོན་གྷོ་སམ་བྷོ་ཊ་གཏན་སློབ་ནས་སློབ་ཕྲུག་ ༢ ། སེ་ལ་ཁུ་བོད་ཁྱིམ་ནས་སློབ་ཕྲུག་ ༡ ། སུ་ཇ་བོད་ཁྱིམ་ནས་སློབ་ཕྲུག་ ༡ ། ཧར་སྤ་པུར་གཏན་ཉིན་སློབ་གྲྭ་ནས་སློབ་ཕྲུག་ ༡ བཅས་ཡིན། དེའི་ནང་ནས་བུ་ ༧ དང་བུ་མོ་ ༡༢ འདུག
སྲིད་སྐྱོང་སློབ་ཡོན་དེ་བཞིན་ཕྱི་ལོ་ ༢༠༡༣ ལོར་འགོ་འཛུགས་ཀྱིས་ལོ་རྒྱུས་ནང་འདི་ལོར་སྲིད་སྐྱོང་སློབ་ཡོན་བཞེས་མཁན་སློབ་མ་གྲངས་འབོར་མང་ཤོས་ཆགས་ཀྱི་ཡོད་པ་མ་ཟད། དགའ་ལྡན་ཕོ་བྲང་བྱ་དགའ་གནང་ཐེངས་ ༡༩ ཆགས་ཀྱི་ཡོད། སྤྱིར་ཕྱི་ལོ་ ༢༠༠༢ ལོར་བོད་གཞུང་དགའ་ལྡན་ཕོ་བྲང་དབུ་བརྙེས་ནས་ལོ་ངོ་ ༣༦༠ འཁོར་བའི་དུས་ཆེན་སྲུང་བརྩི་དང་འབྲེལ་ལོ་ལྟར་ཤེས་རིག་ལས་ཁུངས་ནས་རྒྱ་གར་ནང་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་ཁྱབ་ཁོངས་སློབ་གྲྭ་ཁག་ནས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཁོངས་སུ་ཚན་རིག་དང་སྒྱུ་སྩལ། ཚོང་རིག་བཅས་སྡེ་ཚན་སོ་སོ་ནས་གྲུབ་འབྲས་རྩེ་ཕུད་གསུམ་རེར་བཅས་ཁྱོན་བསྡོམས་སློབ་ཕྲུག་དགུ་ལ་བྱ་དགའ་གནང་བཞིན་ཡོད།
རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་འདི་བཞིན་འཛམ་གླིང་ས་ཕྱོགས་གང་སར་ཁྱབ་བརྡལ་འགྲོ་བཞིན་ཡོད་པ་མ་ཟད། ཕྱི་ཟླ་ ༣ པའི་ནང་རྒྱ་གར་ནང་དུའང་ཛ་དྲག་གི་གནས་སྟངས་སྐབས་རྒྱ་གར་དབུས་གཞུང་གིས་ནད་ཡམས་སྔོན་འགོག་སླད་ཤེས་ཡོན་སློབ་གཉེར་ཁང་ལ་སོགས་སྒོ་བརྒྱབ་དགོས་བྱུང་ཡོད་པ་ལྟར། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཀྱང་སྒོ་བརྒྱབ་ཡོད་པ་དང་། རྒྱ་གར་དབུས་འབྲིང་རིམ་ལྷན་ཚོགས་ནས་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ལྷག་མ་རྣམས་ཕྱི་ཟླ་ ༧ ཚེས་ ༡་་་་་༡༥ བར་འཕར་འགྱངས་གནང་བར་བརྟེན་འཛིན་རིམ་བཅུ་གཉིས་སློབ་ཕྲུག་རྣམས་རང་རང་སོ་སོའི་སློབ་གྲྭར་མུ་མཐུད་གནས་དགོས་བྱུང་ཡོད། རྒྱ་གར་ནང་ནད་ཡམས་ཕོག་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པར་བརྟེན། རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་དེ་བཞིན་ཕྱིར་འཐེན་གནང་ཡོད། ཅེས་དང་།
གཞན་ཡང་ཡིག་རྒྱུགས་ལྷག་བསྡད་རྣམས་ལ་བརྒྱ་ཆ་ཇི་ལྟར་སྤྲད་ཡོད་སྐོར་ཐད་གསུང་དོན། རྒྱ་གར་དབུས་ཤེས་རིག་ལྷན་ཚོགས་ནས་ལམ་སྟོན་ལྟར། གལ་ཏེ་སློབ་ཕྲུག་ཅིག་ཡིག་རྒྱུགས་གསུམ་བཏང་ཟིན་རྗེས་སློབ་ཚན་དེ་དག་གི་ཁོངས་ནས་བརྒྱ་ཆ་ཡག་པ་གཉིས་ཀྱི་ཆ་སྙོམས་ཀྱི་བརྒྱ་ཆ་དེ་བཞིན་ལྷག་བསྡད་སློབ་ཚན་དེར་སྤྲོད་དགོས་སྐོར་གྱི་ལམ་སྟོན་དང་། གཞན་སློབ་ཕྲུག་ཁག་གཅིག་ཡིག་རྒྱུགས་གསུམ་ལས་མང་བ་བཏང་ཟིན་པ་རྣམས་ལ་སློབ་ཚན་ཡག་ཤོས་གསུམ་གྱི་ཆ་སྙོམས་ཀྱི་བརྒྱ་ཆ་སྤྲོད་དགོས་སོགས་ལམ་སྟོན་གནང་ཡོད། ཅེས་དང་སློབ་ཕྲུག་རྣམས་ལ་འཚམས་འདྲི་དང་འབྲེལ་སློབ་སྦྱོང་ཐོག་མུ་མཐུད་འབད་བརྩོན་དང་ཧུར་བརྩོན་གནང་དགོས་སྐོར་སོགས་གསུང་སྟེ་གསར་འགོད་པའི་དྲི་བར་ལན་འདེབས་གནང་། སྐབས་དེར་ཤེས་རིག་དེང་སྲོལ་ཚན་པའི་འགན་འཛིན་གྱིས་སྲིད་སྐྱོང་སློབ་ཡོན་དང་དགའ་ལྡན་ཕོ་བྲང་བྱ་དགའི་སྐོར་འགྲེལ་བརྗོད་སྙིང་བསྡུས་གནང་། །