ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡༦ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཝུ་ཧན་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་བཅུ་དྲུག་པ་སྤེལ་ཡོད།
དེ་ཡང་གསལ་བསྒྲགས་གནང་མཁན་འཕྲོད་བསྟེན་དྲུང་འཕར་བྱམས་པ་ཕུན་ཚོགས་ལགས་དང་ཕྱི་ལུགས་སྨན་པ་བསྟན་འཛིན་རྣམ་གྲོན་ལགས། སྨན་པ་ཚེ་རིང་མཚམས་གཅོད་ལགས་བཅས་ཡིན།
ཐོག་མར་འཕྲོད་བསྟེན་དྲུང་འཕར་བྱམས་པ་ཕུན་ཚོགས་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀནས་འགོག་དབྱེ་ཟུར་འཇོག་ཁང་གི་མཐུན་འགྱུར་སྦྱར་བ་བཞིན་ས་གནས་འགོ་འཛིན་གྱིས་གཙོས་ས་གནས་ཛ་དྲག་འཕྲོད་བསྟེན་ཚོགས་ཆུང་ནས་རྐང་འགན་བཞེས་པའི་ཐོག་ས་གནས་སུ་ནད་ཡམས་ཁྱབ་གདལ་བཀག་འགོག་ཆེད་འབད་པ་ལྷོད་མེད་གནང་ཡོད་ཅིང་། ད་བར་ནད་འབུ་ཡོད་པ་ར་འཕྲོད་བྱུང་བ་བརྒྱ་ཆ་ ༩༩ ཟུར་འཇོག་ཁང་ནས་ཐོན་པ་ཞིག་ཡིན་པས་དེས་བོད་པའི་སྤྱི་ཚོགས་ནང་ནད་ཡམས་ཁྱབ་གདལ་བཀག་འགོག་ལ་འགོག་དབྱེ་ཟུར་འཇོག་ཁང་དེ་ཤིན་ཏུ་གལ་གནད་དང་ཕན་ཐོགས་ཆེན་པོ་བྱུང་ཡོད། དེར་བརྟེན་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་རྣམས་ནས་ཀྱང་རང་ཉིད་དང་སྤྱི་ཚོགས། མི་རིགས་བཅས་ཚང་མའི་བདེ་རྩར་དམིགས་རྐང་འགན་བཞེེས་ནས་ཟུར་བཀག་ཏུ་བཞུགས་རིང་ལམ་སྟོན་ནང་གསལ་གནང་སྒོ་ཁག་ལྷོད་གཡེང་མ་ཤོར་བར་གནང་དགོས་པའི་འབོད་སྐུལ་ཞུས་གནང་བ་དང་།
དོན་གནད་གཉིས་པ། འཕྲོད་བསྟེན་ལས་ཁུངས་ནས་སྔ་ཕྱིར་ནད་ཡམས་འདི་དང་འབྲེལ་ལས་འཆར་ལས་དོན་མང་པོ་སྤེལ་ཡོད་ཅིང་དེའི་ནང་ནས་ཉེ་ཆར་ཧོན་སུར་རབ་རྒྱས་གླིང་གཞིས་ཆགས་སུ་ས་གནས་ཀྱི་ཕན་བདེ་སྨན་ཁང་གི་སྨན་ཞབས་ནས་འགན་གཙོ་བོ་བཞེས་ནས་ས་གནས་སུ་ཕྱི་ནས་ཕེབས་ཤིང་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་རྣམས་ལ་གཉན་རིམས་འདིའི་ནད་འབུ་ཡོད་མེད་བརྟག་དཔྱད་ཆེད་སྣ་མིད་ནས་མཆིལ་གཤེར་བསྡུ་ལེན་གནང་འགོ་བཙུགས་ཐུབ་པ་བྱུང་ཡོད་ན། འབྲེལ་ཡོད་ལས་མི་ཚང་མར་ཡི་རང་བསྔགས་བརྗོད་ཞུ་རྒྱུ་ཡིན།
གནད་དོན་གསུམ་པ། འདི་ཟླའི་ཚེས་ ༡༥ ཉིན་བཞུགས་སྒར་རྡ་ས་ཁུལ་དུ་བདེ་ལེགས་སྨན་ཁང་དང་ཟུང་སྦྲེལ་ཐོག་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་རྣམས་ལ་ནད་འབུ་ཡོད་མེད་བརྟག་དཔྱད་ཆེད་མིད་པ་ནས་མཆིལ་གཤེར་བསྡུ་ལེན་གནང་འགོ་བཙུགས་ཐུབ་བྱུང་ཡོད་ན་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་དབུས་དང་ས་གནས་སུ་ཏོག་དབྱིབས་གཉན་རིམས་ ༡༩ ཁྱབ་གདལ་བཀག་འགོག་གི་ལས་དོན་ཆེད་ཕྱར་གྲུ་མཉམ་འདེགས་གནང་མཁན་ལས་བྱེད་ལས་མི་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ནད་ཡམས་འདིའི་གནས་སྟངས་ཞི་འཇམ་མ་ཆགས་བར་ཚང་མས་མཉམ་མཐུན་མཉམ་རུབ་ཀྱིས་གདོང་ལེན་གནང་དགོས་པའི་རེ་སྐུལ་ཞུས་གནང་ཡོད།
འཛམ་གླིང་ཁྱོན་ཡོངས་ནང་ཏོག་དབྱིབས་གཉན་རིམས་ ༡༩ ད་ལྟའི་གནས་སྟངས།
ཁྱོན་ད་བར་ནད་གཞི་ཕོག་པ་གྲངས། ༡༣༡༥༠༦༥༤༼ས་ཡ་བཅུ་གསུམ་དང་ཆིག་འབུམ་ལྔ་ཁྲི་སྟོང་མེད་དྲུག་བརྒྱ་ལྔ་བཅུ་ང་བཞི།༽
ནད་པ་འདས་གྲོངས་སོང་བའི་གྲངས། ༥༧༤༤༦༤ ༼ལྔ་འབུམ་བདུན་ཁྲི་བཞི་སྟོང་བཞི་བརྒྱ་དྲུག་ཅུ་རེ་བཞི།༽
གནས་ཚུལ་ཁུངས་བཅོལ། https://www.who.int/emergencies/diseases/novel-coronavirus-2019 Last update: 15 July 2020, 05:30 GMT+5:30
བྱེ་བྲག་རྒྱ་བལ་འབྲུག་གསུམ་གཙོས་བཙན་བྱོལ་བོད་མིའི་ནང་གནས་སྟངས།
རྒྱ་གར་ནང་གི་ཡུལ་མིའི་གནས་སྟངས།
ཁྱོན་ནད་གཞི་ཕོག་པ་ར་འཕྲོད་བྱུང་བ་མི་གྲངས། ༩༦༨༨༧༦ ༼དགུ་འབུམ་དྲུག་ཁྲི་བརྒྱད་སྟོང་བརྒྱད་བརྒྱ་བདུན་ཅུ་དོན་དྲུག༽
དྲག་སྐྱེད་བྱུང་བ་གྲངས། ༦༡༢༨༡༤ ༼དྲུག་འབུམ་ཆིག་ཁྲི་ཉིས་སྟོང་བརྒྱད་བརྒྱ་བཅུ་བཞི།༽
ནད་པ་འདས་གྲོངས་སོང་བ་གྲངས། ༢༤༩༡༥ ༼ཉིས་ཁྲི་བཞི་སྟོང་དགུ་བརྒྱ་བཅོ་ལྔ་།༽
ད་ལྟ་ནད་མནར་བཞིན་པ་གྲངས། ༣༣༡༡༤༦ ༼གསུམ་འབུམ་སུམ་ཁྲི་ཆིག་སྟོང་ཆིག་བརྒྱ་བཞི་བཅུ་ཞེ་དྲུག༽
མངའ་སྡེ་གྲངས་ཇི་ཙམ་ལ་ཁྱབ་གདལ་སོང་བའི་གྲངས། ༣༥ ༼སུམ་ཅུ་སོ་ལྔ་༽
གནས་ཚུལ་ཁུངས་བཅོལ། https://www.mohfw.gov.in/ as on : 16 July 2020, 08:00 IST (GMT+5:30)
བོད་མི་འདུས་སྡོད་ཆེ་སའི་མངའ་ཁུལ་གྱི་གནས་སྟངས།
ཧི་མཱ་ཅལ། ༣༥༡ (Himachal – Total Cases -1101, Death- 11, Recovered-833, Active-351)
ལྡི་ལི། ༡༧༨༠༧ ལྷོ་ཕྱོགས་ཀར་ཎ་ཊ་ཀ ༢༧༨༥༩ ཨོ་ཌི་ཤ། ༤༣༤༥ ལ་དྭགས། ༡༧༧ བཅས་རྒྱ་གར་ནང་ཚབས་ཆེ་ཤོས། ༡། མཱ་ཧཱ་རས་ཏྲ། ༡༡༢༠༩༩ ༢། ཏ་མིལ་ནཱ་ཌུ། ༤༧༣༤༣ ༣། ལྷོ་ཕྱོགས་ཀར་ཎ་ཊ་ཀ། ༢༧༨༥༩ ༤། ལྡི་ལི། ༡༧༨༠༧ ༥། ཏེ་ལངྒ་གཱ་ན། ༡༢༩༥༧ བཅས་ད་ལྟ་ནད་གཞི་རྩད་གཅོད་བྱུང་ཞིང་ནད་མནར་བཞིིན་པའི་གྲངས།
གནས་ཚུལ་ཁུངས་བཅོལ། https://www.mygov.in/corona-data/covid19-statewise-status as on : 16 July 2020, 08:00 IST (GMT+5:30)
ནད་གཞི་ཡོད་མེད་བརྟག་དཔྱད་མི་གྲངས། རྒྱ་གར་ནང་ཁྱོན་མི་གྲངས་༡༢༧༣༩༤༩༠༼ས་ཡ་བཅུ་གཉིས་བདུན་འབུམ་སུམ་ཁྲི་དགུ་སྟོང་བཞི་བརྒྱ་དགུ་བཅུ།༽ ལ་ད་བར་ནད་གཞི་ཡོད་མེད་བརྟག་དཔྱད་ཟིན། འདི་ཟླའི་ཚེས་༡༥ ཉིན་ཁྱོན་མི་གྲངས་༣༢༦༨༢༦༼སུམ་འབུམ་ཉིས་ཁྲི་དྲུག་སྟོང་བརྒྱད་བརྒྱ་ཉི་ཤུ་རྩ་དྲུག༽ བརྟག་དཔྱད་བྱས་པ། https://www.icmr.gov.in/ རྒྱ་གར་ནང་ཁྱོན་གཞུང་དང་སྒེར་གྱི་བརྟག་དཔྱད་ཁང་བསྡོམས་གྲངས་༡༢༣༤ ཡོད་འདུག ༼གཞུང་། ༨༧༤ དང་སྒེར་༣༦༠༽ https://www.icmr.gov.in/pdf/covid/labs/COVID_Testing_Labs_15072020.pdf
བལ་ཡུལ་ནང་གི་ཡུལ་མིའི་གནས་སྟངས།
ཁྱོན་ནད་གཞི་རྩད་ཆོད་པ་མི་གྲངས། ༡༧༡༧༧ དྲག་སྐྱེད་བྱུང་བ། ༡༡༠༢༥ འདས་གྲོངས་སོང་བ། ༣༩ ད་ལྟ་ནད་མནར་བཞིན་པ་མི་གྲངས། ༦༠༥༣ ཁྱོན་ནད་པ་བརྟག་དཔྱད་བྱས་པ་གྲངས།༢༩༨༨༢༩ བཅས་ཀྱི་གནས་སྟངས།
གནས་ཚུལ་ཁུངས་བཅོལ། https://covidnepal.org/ As on 16th July 2020, 10.30 am
འབྲུག་ནང་གི་ཡུལ་མིའི་གནས་སྟངས།
ཁྱོན་ནད་གཞི་རྩད་ཆོད་པ་མི་གྲངས། ༨༤ དྲག་སྐྱེད་བྱུང་བ། ༧༨ འདས་གྲོངས་སོང་བ། ༠ ད་ལྟ་མནར་བཞིན་པ་ནད་པའི་གྲངས། ༦ བཅས་ཀྱི་གནས་སྟངས།
གནས་ཚུལ་ཁུངས་བཅོལ། https://www.gov.bt/covid19/ As on 16th July 2020, 10.30 am
དེ་རྗེས་སྨན་པ་ཚེ་རིང་མཚམས་གཅོད་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་གནས་སྟངས་ཇི་ཆགས་ཐད་འགྲེལ་བརྗོད་གནང་དོན།
འདས་པའི་བདུན་ཕྲག་ཅིག་གི་ནང་རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་ཏུ་ནད་གཞི་ཕོག་པ་ར་འཕྲོད་བྱུང་བ་མི་གྲངས་༢ བྱུང་། དེ་ཡང་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ནས་༢ ༼བུད་མེད་རང་ལོ་༢༢ རང་ལོ་༢༡༽ལ་ནད་གཞི་ཕོག་པ་རྩད་གཅོད་བྱུང་འདུག་ཅིང་ཁོང་གཉིས་ལ་དམིགས་བསལ་ནད་རྟགས་གང་ཡང་མིན་འདུག་ལ་ད་ཆ་མོན་གྷོ་ས་གནས་སྨན་ཁང་ནང་གསོ་བཅོས་བྱེད་བཞིན་པའི་གནས་སྟངས་ཞུ།
ད་བར་ཁྱོན་རྒྱ་གར་དང་བལ་ཡུལ་ནང་བོད་མི་གྲངས་༦༢ ལ་ནད་གཞི་ཕོག་པ་ར་ཕྲོད་བྱུང་ཞིང་མི་གྲངས་༢ ཚེ་འདས་སོང་ཡོད་པ་དང་། མི་གྲངས་༤༦ དྲག་སྐྱེད་བྱུང་ཡོད་པ་དང་། ད་ཆ་མི་གྲངས་༡༤ ནད་མནར་བཞིན་པའི་གནས་སྟངས་ཞུ། ནད་གཞི་ཕོག་པའི་མི་རྣམས་ལ་ས་གནས་འཕྲོད་བསྟེན་ཚོགས་ཆུང་ནས་གསོ་རིག་གསོ་བཅོས་སྨན་ཕུལ་ཡས་དང་དེ་བཞིན་འདི་ག་འཕྲོད་བསྟེན་ལས་ཁུངས་ཀྱི་སེམས་ཁམས་འཕྲོད་བསྟེན་ཆེད་ལས་པའི་ངོས་ནས་གནས་སྟངས་བརྒྱུད་ལོན་དང་སློབ་གསོ་ལམ་སྟོན་རིགས་གནང་ཐུབ་པ་བྱུང་།
ཕྱི་རྒྱལ་གནས་བཞུགས་བོད་མིའི་གནས་སྟངས།
འདས་པའི་བདུན་ཕྲག་ནང་ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ལས་ཁང་ནས་དེ་གའི་ས་ཁུལ་དུ་བོད་མི་ནད་གཞི་ཕོག་པའི་མིང་ཐོ་དམིགས་བསལ་འབྱོར་མེད་པས་ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་དྲ་རྒྱའི་ཐོག་གསལ་བའི་གྲངས་ཐོ་དེ་རང་ཡིན་ཞེས་ཞུ།
ལས་དོན་ཚོགས་ཆུང་གི་གྲུབ་ཐོན།
འགོག་དབྱེ་ཟུར་འཇོག་གི་གྲངས་ཐོ།
འཕྲོད་བསྟེན་ལས་ཁུངས་ཀྱི་གྲངས་ཐོ་ཚན་པའི་སྡེ་ཚན་ནས་གནས་ཚུལ་བསྡུས་པ་གཞིར་བཟུང་ད་ལྟའི་ཆར་རྒྱ་གར་ནང་ས་གནས་གྲངས་ ༣༢ དང་བལ་ཡུལ་ནང་གི་ས་གནས་གྲངས་ ༤ ནང་ཁྱོན་བོད་མི་གྲངས་ ༦༧༣ ཏེ་མི་གྲངས་ ༢༩༢ རང་ཁྱིམ་དུ་ཟུར་བཀག་ངང་གནས་བཞིན་ཡོད་པ་དང་མི་གྲངས་ ༣༨༡ བོད་མིའི་སྒྲིག་འཛུགས་ནས་མཐུན་རྐྱེན་སྦྱར་བའི་ཟུར་བཀག་ཁང་པའི་ནང་གནས་བཞིན་ཡོད་པའི་གནས་ཚུལ་ཞུ། དེའི་ནང་ནས་རྡ་ས་ཁུལ་དུ་མི་གྲངས་ ༡༠༨ ཡོད་འདུག
དབུས་དང་ས་གནས་སུ་ནད་རྟགས་ཡོད་མེད་བརྟག་ཞིབ་ལས་རིམ།
རྡ་ས་ས་གནས་འགོ་འཛིན་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་གཙོས་ཚོགས་སྡེ་སོ་སོས་འགན་འཁུར་བའི་ཐོག་བདུན་ཕྲག་འདིའི་ནང་མི་གྲངས་༡༧༧༤ ༼སྒྲིག་འཛུགས་ལས་བྱེད་གྲངས་༥༢༤ རྡ་ས་ས་གནས་འགོ་འཛིན་ནས་མི་གྲངས་༣༡༥ གནས་ཆུང་གྲ་ཚང་།༨༠ དགའ་གདོང་གྲ་ཚང་།༡༣ བོད་ཀྱི་དཔེ་མཛོད་ཁང་། ༥༢ བོད་ཀྱི་སྨན་རྩིས་ཁང་།༧༢༨ སམ་བྷོ་ཊའི་ལས་སློབ།༡༠༡ གངས་སྐྱིད་ཁུང་ལོ་ན་བགྲེས་པ་སོགས་ཉེན་ཚབས་ཆེ་བའི་མི་གྲངས་༦༢༽ ལ་ནད་རྟགས་ཡོད་མེད་ཚོགས་སྡེ་སོ་སོ་སྟེ་བོད་མིའི་སྒྲིག་འཛུགས་གི་ལས་ཁུངས་སོ་སོ་དང་། དེ་བཞིན་གངས་སྐྱིད་དཔེ་མཛོད་ཁང་དང་། བོད་ཀྱི་སྨན་རྩིས་ཁང་། གནས་ཆུང་དང་དགའ་གདོང་གྲྭ་ཚང་སོགས་ཚོགས་སྡེ་སོ་སོའི་ལས་བྱེད་ཀྱིས་འགན་འཁྱེར་བའི་ཐོག་ཚ་བ་ཡོད་མེད་སོགས་བརྟག་དཔྱད་གནང་ཞིང་དམིགས་བསལ་ནད་རྟགས་ཐོན་པ་བྱུང་མེད།
བདུན་ཕྲག་འདིའི་ནང་རྒྱ་གར་ནང་གི་ས་གནས་གྲངས་༣༥ བལ་ཡུལ་ནང་ས་གནས་༡ བཅས་ཁྱོན་མི་གྲངས་༧༥༨༣ ལ་ (ལོ་ན་༦༠ ཡན་མི་གྲངས་ – ༥༨༨༠ ཉེན་ཚབས་ཆེ་བ་མི་གྲངས་ – ༡༧༠༣) ཞལ་པར་བརྒྱུད་ནད་རྟགས་ཡོད་མེད་བརྟག་དཔྱད་གནང་ཐུབ་པ་བྱུང་ཡོད། དེ་བཞིན་བོད་མི་ནད་གཞི་ཕོག་པ་རྣམས་ཀྱི་གྲངས་ཐོ་དང་ཡིག་ཆ་ཁག་བཅས་མཁོ་སྒྲུབ་གནང་བཞིན་ཡོད།
གསོ་རིག་ལུས་སེམས་ནུས་གསོའི་སྨན་དང་འབྲེལ་བ།
རྒྱ་གར་ནང་གི་ས་གནས་ཁག་༢༢ ནང་གི་འགོག་དབྱེ་ཟུར་འཇོག་ཁང་དུ་གནས་བཞུགས་བོད་མི་གྲངས་༡༣༤༤ དང་རྒྱ་གར་ནང་ས་གནས་ཁག་༣༩ དང་བལ་ཡུལ་ནང་བཅས་ནང་ལོ་ན་༦༥ ཡན་བོད་མི་གྲངས་༩༤༣༦ ཕྱི་རྒྱལ་དུ་བཏང་ཟིན་པ་བསྡོམས་༥༣༠ གཞན་ཡང་འཕྲོད་ལས་པ་དང་དངས་ཞབས་གྲངས་༤༦༤ བླ་གཉན་ནད་གཞི་ཡོད་པ་མི་གྲངས་༤༥༧ བཅས་ཁྱོན་ད་བར་མི་གྲངས་༡༢༢༣༡ ལ་གསོ་རིག་ལུས་སེམས་ནུས་གསོའི་སྨན་རིན་མེད་ཐོག་ཕུལ་ཟིན།
ས་གནས་ལ་ནད་ཡམས་སྔོན་འགོག་ཆེད་ལས་དོན་སྤེལ་བ།
- འདི་ག་དབུས་ལས་ནས་ལམ་སྟོན་གནང་བ་བཞིན་བོད་མིའི་གཞིས་ཆགས་ཁག་སོ་སོའི་རྫོང་དེ་ཚོན་མདོག་དམར་རྟགས་ཅན་ནང་ཚུད་པ་རྣམས་ནས་བདུན་རེའི་ནང་གཞིས་ཆགས་ཕྱི་ནང་དང་མི་མང་འདུ་འཛོམས་ཆེ་སར་དུག་སེལ་མུ་མཐུད་གནང་བཞིན་ཡོད།
- བདུན་ཕྲག་འདིའི་ནང་རྡ་ས་ཁུལ་དུ་ཕྱི་མི་འབྱོར་བ་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་མི་གྲངས་༦༤ ལ་རྫོང་གི་སྨན་ཁང་གྱི་མཐུན་འགྱུར་འོག་ནད་གཞི་ཡོད་མེད་བརྟག་དཔྱད་བྱས་པས་མི་གྲངས་༦༤ སུ་ལའང་ནད་གཞི་ཕོག་མེད་པ་ར་འཕྲོད་བྱུང་ཡོད།
- སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བོད་མིའི་གཞིས་ཆགས་གྲངས་༢༩ ནང་འགོག་དབྱེ་ཟུར་འཇོག་ཏུ་བཞུགས་མཁན་མི་གྲངས་༥༠༨ ལ་ཞལ་པར་ཐོག་འབྲེལ་བ་གནང་ནས་གནས་སྟངས་རྒྱུད་ལོན་དང་སློབ་གསོ་ལམ་སྟོན་གནང་ཡོད་པ་དང་དེ་བཞིན་ནད་གཞི་ཕོག་པའི་མི་གྲངས་གཉིས་གཉིས་པོར་ཞལ་པར་བརྒྱུད་འབྲེལ་འདྲིས་གནང་ཐུབ་པ་བྱུང་།
- བོད་མིའི་སྒྲིག་འཛུགས་དང་བདེ་ལེགས་སྨན་ཁང་མཉམ་རུབ་ཐོག་འདི་ག་རྡ་ས་ཁུལ་གྱི་བོད་མི་རྣམས་དུས་ཐོག་བརྟག་དཔྱད་ཡོང་རྒྱུར་དམིགས་ནས་རྫོང་གི་སྨན་ཁང་ལས་མཐུན་འགྱུར་ཞུས་རྗེས་ཁ་ཉིན་རེས་གཟའ་ལྷག་པ་ནས་འགོ་འཛུགས་ཀྱིས་འདི་ག་རྡ་ས་ཁུལ་དུ་བདེ་ལེགས་སྨན་ཁངགི་་སྨན་པའི་ངོས་ནས་ད་ཆ་གཉན་རིམས་ཀོ་ཝིཌ་༡༩ བརྟག་དཔྱད་ཆེད་ཁ་དང་སྣ་ནས་མཆིལ་གཤེར་བསྡུ་ལེན་གནང་འགོ་འཛུགས་ཡོད་ཅིང་། དེའང་བརྟག་དཔྱད་ཆེད་ཡོ་བྱད་ (Swab sample collection kits) དེ་རྫོང་གི་སྨན་ཁང་ནས་ག་ཚོད་མཐུན་འགྱུར་སྦྱར་བ་དེ་གཞིར་བཟུང་གནང་རྒྱུ་ཡིན་པ་རེད།
བཞི་པ། ཐུགས་སྣང་ལམ་སྟོན།
མི་མང་ལ་ཐུགས་སྣང་ལམ་སྟོན་དང་འབྲེལ་གསོ་བ་རིག་པའི་སྨན་ལུགས་ཐོག་ནས་སྔོན་འགོག་ཐབས་ལམ་དུ་ལུས་སེམས་ནུས་པ་གསོ་ཆེད་བཅུད་ལྡན་ཟ་བཏུང་དང་དེ་བཞིན་སེམས་ཞི་ལྷོད་བག་ཕེབས། གཞན་ཡང་ཉིན་མོའི་དགུང་ཉལ་བ་དང་། འགྲུལ་སྣ་འཛེམ་པ། གནས་ས་དབེན་པ་བསྟེན་པ། ཐབ་གཞོབ་འཛེམ་པ། སྔ་དགོང་སྤོས་དང་བསང་བདུག་པ། རྒྱུན་དུ་ཆུ་སྐོལ་གང་མང་བསྟེན་རྒྱུ་སོགས་ནི་གཉན་རིམས་སྔོན་འགོག་གི་ཐབས་ལམ་འགའ་ཡིན་པས་མི་མང་ནས་མཁྱེན་རྟོགས་ཆེད་ལམ་སྟོན་གནང་བ་དང་། དེ་རྗེས་ཕྱི་ལུགས་སྨན་པ་བསྟན་འཛིན་རྣམ་གྲོན་ལགས་ནས་ཆེད་ལས་ལམ་སྟོན་གནང་བའི་དོན་གནད་གཙོ་བོ། ནད་ཡམས་འདི་དུས་ཚོད་ཐུང་ངུའི་ནང་ཁྱབ་གདལ་ཆེན་པོ་འགྲོ་བཞིན་ཡོད་པས་ཉམས་ཞིབ་པ་མང་པོས་ནད་ཡམས་ཁྱབ་གདལ་གྱི་རྒྱུད་ལམ་ཐོག་ཉམས་ཞིབ་གནང་བཞིན་ཡོད་པས་ཉེ་བའི་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ནས་ཀྱང་ཉམས་ཞིབ་སྙན་ཐོ་དེར་གཞིར་བཞག་པའི་ཐོག་ལམ་སྟོན་ཞིག་གནང་ཡོད་ན་མང་ཚོགས་ནས་སྔོན་འགོག་གཙོར་དམིགས་ནས་རྒྱུན་དུ་ཁ་རས་གྱོན་ཡས་དང་མི་མང་འདུ་འཛོམས། དེ་བཞིན་ཁང་པའི་རླུང་འགྲོ་ཡག་པོ་དགོས་རྒྱུ་ཤིན་ཏུ་གལ་ཆེ་བ་དེ་བློ་འཇགས་ཡོང་བ་ཞུས་པ་དང་། གཉིས་པ་དེ་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་རྣམས་ནས་སྒྲིག་གཞི་གང་ལེགས་སྲུང་གནང་དགོས་པ་དང། བརྟག་དཔྱད་བྱས་རྗེས་གལ་ཏེ་ནད་འབུ་མེད་པ་ར་འཕྲོད་བྱུང་ཡོད་ནའང་ཉུང་མཐར་ཁྱོན་ཉིན་གྲངས་ ༡༤ རིང་ཚོགས་སྡེའམ་རང་ཁྱིམ་དུ་ཟུར་བཀག་བཞུགས་དགོས་ཀྱི་ཡོད་པ་རྣམས་གནང་གལ་ཞུ་རྒྱུ་ཡིན། གསུམ་པ་དེ་མང་ཚོགས་ནས་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་རྣམས་ལ་ནད་འབུ་ཡོད་མེད་བརྟག་དཔྱད་ལམ་སེང་བྱེད་མ་ཐུབ་པའི་ཐོག་དོགས་འདྲི་འདུག་པར་དེ་ནི་གཙོ་བོ་རྫོང་གི་སྨན་ཁང་ནས་བརྟག་དཔྱད་ཡོ་བྱད་དང་དེ་བཞིན་ཆེད་ལས་པའི་མཐུན་འགྱུར་སྦྱོར་སྤྲོད་ལ་རག་ལུས་ཅིང་རྒྱ་གར་ནང་བརྟག་དཔྱད་ཁང་མང་ཆེ་བ་རྒྱ་གར་གཞུང་གི་ཡིན་པ་དང་ཡང་ན་གཞུང་གིས་མཆོག་མཆན་སྤྲོད་པའི་བརྟག་དཔྱད་ཁང་ཞིག་དགོས་ངེས་རེད། ཉེ་ཆར་འཕྲོད་བསྟེན་ལས་ཁུངས་དང་བདེ་ལེགས་སྨན་ཁང་ཟུང་འབྲེལ་ཐོག་བཞུགས་སྒར་ཁུལ་གྱི་བོད་མི་རྣམས་བརྟག་དཔྱད་ཆེད་མིད་པ་ནས་མཆིལ་གཤེར་བསྡུ་ལེན་གནང་ཡས་དེ་རྫོང་གི་སྨན་ཁང་ནས་མཐུན་འགྱུར་ཆོག་མཆན་གནང་ཡོད་པ་རེད། མཆིལ་གཤེར་ལེན་བྱས་པ་དེ་མཐར་རྫོང་གི་བརྟག་དཔྱད་ཁང་ནང་དུ་བརྟག་དཔྱད་བྱེད་དགོས་ཀྱི་ཡོད་པ་རེད། དེར་རྟེན་རྫོང་གི་སྨན་ཁང་ནས་མཐུན་འགྱུར་ག་ཚད་སྦྱོར་སྤྲོད་གནང་བ་ལ་གཞིགས་ནས་གནང་ཐུབ་ཀྱི་ཡོད་པ་ཡིན་པའི་ལམ་སྟོན་གསལ་བཤད་གནང་བ་དང་སྦྲགས་གསར་འགོད་ཐེངས་ ༡༦ པ་དེ་མཇུག་སྒྲིལ་གནང་ཡོད། །