ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༢ རེས་གཟའ་ཕུར་བུ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་ལོ་ ༢༠༡༩ ལོའི་ལས་བྱེད་ལས་དོན་གཟེངས་ཐོན་གཟེངས་རྟགས་ཐོབ་མཁན་སྲི་ཞུ་བ་ལས་བྱེད་གཉིས་ཀྱི་ངོ་སྤྲོད་གཤམ་གསལ།
ཚོགས་དྲུང་ལས་ཁུངས་ཀྱི་ཟུང་དྲུང་ཚེ་བརྟན་སྐལ་བཟང་ལགས།
ཟུང་དྲུང་ཚེ་བརྟན་སྐལ་བཟང་ལགས་ནི། ཕྱི་ལོ་ ༢༠༠༠ ཟླ་ ༢ ཚེས་ ༣ ནས་གཞུང་ཞབས་ཁོངས་སུ་སྡེ་ཚན་འགན་འཛིན་གནས་རིམ་འོག་འཛུལ་ཞུགས་ཀྱིས་དབུས་འོས་བསྡུ་ལས་ཁང་དུ་ལས་འགན་བཀོད་སྒྲིག་དང་། ཕྱི་ལོ་ ༢༠༠༠ ཟླ་ ༨ པའི་ནང་ནང་སྲིད་ལས་ཁུངས་སུ་གནས་སྤོས་ཀྱིས་ཞབས་ཡུན་རིང་ནང་སྲིད་ལས་ཁུངས་ཀྱི་ལས་དོན་ཆེ་ཆུང་ཚང་མའི་ནང་རང་ནུས་གང་འཇོན་གྱིས་ཕྱག་ལས་གནང་བར་གོང་རིམ་ནས་ཡི་རངས་བསྔགས་བརྗོད་དང་། གཞོན་པར་དམིགས་དཔེ་བལྟ་འོས་པ་ཞིག་ཏུ་གྱུར།
ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༡༡ ནས་ཚོགས་དྲུང་ལས་ཁུངས་སུ་ཟུང་དྲུང་གནས་རིམ་ཐོག་གནས་སྤོས་ཀྱིས་དྲུང་འཕར་གནས་རིམ་གྱི་ལས་འགན་ཞུ་སྒོ་མཐའ་དག་གང་ལེགས་ཞུས་པ་དང་འབྲེལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༧ པའི་སྐབས་སུ་ཚོགས་དྲུང་ལས་ཚབ་ཀྱི་ལས་འགན་ཡང་འཐུས་ཤོར་མེད་པ་ཞུས་ཡོད།
ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༧ ནས་ ༡༠ བར་ཉིན་བཞིའི་རིང་ལཊ་ཝི་ཡའི་རྒྱལ་ས་རཱི་གྷར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གོ་སྒྲིག་འོག་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༧ པའི་སྐབས་སུ་དོ་བདག་ནས་ལས་དོན་འགན་ཁུར་ཞུ་སྒོ་ཁག་འཐུས་ཚང་ཞུས་པར་འབྲེལ་ལས་ཚང་མས་བསྔགས་བརྗོད་གནང་ཡོད།
ཕྱི་ལོ་ ༢༠༡༩ ལོར་དམིགས་བསལ་ཚོགས་ཆེན་ཐེངས་ ༣ པ་གོ་སྒྲིག་ཞུ་སྒོས་མཚོན་ཚོགས་ཆེན་གྲ་སྒྲིག་ལས་དོན་མཐའ་དག་འཐུས་ཤོར་མེད་པ་ཞུས་ཡོད་པ་མ་ཟད། ཚོགས་ཆེན་གྲུབ་རྗེས་ཚོགས་ཆེན་གྱི་གྲོས་ཆོད་དང་ཚོགས་ཆུང་ཁག་གི་སྙན་ཐོ་ཕྱོགས་སྒྲིག་ཞུ་རྒྱུའི་མཚོན་པའི་ལས་དོན་ཇི་ཡོད་ཆ་ཚང་འཐུས་ཤོར་མེད་པ་དོ་བདག་ནས་ལས་ཁུངས་ཚུགས་གྲོལ་ལ་མ་བལྟོས་པར་གུང་གསེང་སྐབས་སུའང་རང་ཁྱིམ་ནས་ལས་དོན་མཇུག་སྒྲིལ་སླད་ལས་འགན་ཞུས་ཡོད། མདོ་དོན་ དོ་བདག་སྲི་ཞུའི་ལས་བྱེད་ཁོངས་སུ་འཛུལ་ཞུགས་བྱས་པ་ནས་བཟུང་ད་བར་འབྲེལ་ཡོད་གོང་རིམ་ནས་ལས་དོན་བཀོད་མངགས་ཇི་ཕེབས་སོ་སོའི་ནུས་པ་དང་། ལྷག་བསམ་གཡོལ་བ་མེད་པའི་ཐོག་ནས་ལས་དོན་སྒྲུབ་མཁན་ཞིག་ཡིན་པར་འདི་ལོའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ལས་དོན་གཟེངས་ཐོན་གཟེངས་རྟགས་ཀྱི་དམིགས་ཡུལ་ལྟར་ཁོ་མོས་ལས་དོན་བསྒྲུབས་ཡོད་ན། ཕྱི་ལོ་ ༢༠༡༩ ལོའི་འགན་འཛིན་སྡེ་ཚན་གྱི་ལས་བྱེད་གཟེངས་རྟགས་འདི་བཞིན་ཁོ་མོར་ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་གྱི་གཞུང་འབྲེལ་མཛད་སྒོའི་ཐོག་གཟེངས་རྟགས་གནང་གཏན་འཁེལ་བའི་གསལ་བསྒྲགས་སུ།
འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བྱ་བསྟན་འཛིན་ཆོས་འཕེལ་ལགས།
ལས་བྱ་བསྟན་འཛིན་ཆོས་འཕེལ་ལགས་ནི། ཕྱི་ལོ་ ༢༠༠༧ ཟླ་ ༧ ཚེས་ ༩ ནས་སྲི་ཞུའི་ལས་བྱེད་ཁོངས་སུ་འཛུལ་ཞུགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་རྡ་ས་གངས་ཅན་སྐྱིད་གཤོངས་ཀྱི་ཆུ་དང་གཙང་འཕྲོད་ཀྱི་ལས་འགན་གཙོ་བོ་བྱེད་མུས་ཡིན། གངས་སྐྱིད་ཁུལ་གྱི་ལས་ཁུངས་དང་ལས་ཤག་ནང་འཐུང་ཆུ་རྒྱུན་ཆད་མེད་པར་གཏོང་ཐབས་སུ་སྔ་དགོང་དང་ཉིན་མཚན་དུས་དྲུག་འཐུང་ཆུ་ཡོང་ཁུངས་ཨ་མ་ Naddi དང་། དེ་བཞིན་འཐུང་ཆུའི་སྦུབས་དོང་ཁག་ལ་རུ་ངར་ཞིབ་ཚགས་ཀྱིས་ལྟ་རྟོག་འགན་ཁུར་བྱེད་བཞིན་ཡོད། དབྱར་ཁ་ཆར་ཞོད་ཆེན་པོའི་སྐབས་ས་རུད་རྐྱེན་གྱིས་སྦུབས་དོང་འཁྱེར་བ་དང་། སྦུབས་དོང་ནང་ཆུ་ཤུགས་ཆུང་དུ་སོང་བ་སོགས་ཀྱི་སྐབས་བཟོ་བཅོས་ཆེད་ཤིང་ནགས་བརྒྱུད་རི་རྩེར་འགྲོ་སྐྱོད་དགོས་པའི་གནས་སྟངས་ལ་གདོང་ལེན་གྱིས་སྦུབས་དོང་གཙང་བཟོ་དང་། ཆུ་མཛོད་བཟོ་བཅོས། དུས་ནས་དུས་སུ་ཆུ་མཛོད་ལ་ལྟ་རྟོག་ཞིབ་ཚགས་བྱེད་བཞིན་པར་བརྟེན་ནས་གངས་སྐྱིད་ལས་ཤག་ནང་གནས་སྡོད་ལས་བྱེད་རྣམས་ལ་འཐུང་ཆུའི་དཀའ་ངལ་དེ་ཙམ་འཕྲད་པ་བྱུང་མེད། འབྲེལ་ཡོད་འཕྲོད་བསྟེན་ལས་ཁུངས་ནས་དུས་ནས་དུས་སུ་ལས་དོན་འཕར་མ་བཀོད་མངགས་ཇི་ཕེབས་བརྩི་སྲུང་དྭང་ལེན་གྱིས་ཧུར་སྐྱེད་གནང་མཁན་ཞིག་དང་། ལས་ཁུངས་དང་ལས་ཤག་གཡས་གཡོན་རྣམས་སྔ་དྲོ་རྒྱ་གར་ཉིན་གླ་པས་གཙང་བཟོ་བྱེད་སྐབས་ལྟ་རྟོག་འགན་ཁུར་བྱེད་ཕྱོགས་ཐད་ལ་ཚང་མས་འདོད་བློ་ཁེངས་ཐུབ་བྱུང་བ་དེ་ནི་དོ་བདག་སྲི་ཞུ་བ་རང་འཁྲིའི་ལས་འགན་རྣམས་གང་ལེགས་བྱེད་མཁན་དང་རྒྱུན་དུ་བསམ་བློའི་བབས་བཟང་ཕྱོགས་འཛིན་མཁན་ཞིག་ཡིན་པར་ངོས་འཛིན་ར་འཕྲོད་ཐུབ་ཡོད།
མདོར་ན་རང་དོན་བློས་བཏང་གིས་སྤྱི་པའི་ལས་དོན་ཞུ་སྒོ་མཐའ་དག་ཉིན་མཚན་ལྟོས་མེད་དུ་འབད་སྒྲུབ་བྱེད་མཁན་ཞིག་ཡིན་པར་ངོས་འཛིན་གྱིས་འདི་ལོའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ལས་དོན་གཟེངས་རྟགས་ཀྱི་དམིགས་ཡུལ་ལྟར་ཁོ་བོས་ལས་དོན་བསྒྲུབས་ཡོད། ཕྱི་ལོ་ ༢༠༡༩ ལོའི་ལས་བྱའི་སྡེ་ཚན་གྱི་ལས་བྱེད་གཟེངས་རྟགས་འདི་བཞིན་ཁོ་བོར་ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་གྱི་གཞུང་འབྲེལ་མཛད་སྒོའི་ཐོག་གཟེངས་རྟགས་གནང་གཏན་འཁེལ་བའི་གསལ་བསྒྲགས་སུ། བོད་མིའི་སྒྲིག་འཛུགས་ལས་བྱེད་ལས་དོན་གཟེངས་ཐོན་གཟེངས་རྟགས་ཚོགས་ཆུང་ནས་ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༢ ལ།།