ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༢ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡ རེས་གཟའ་ལྷག་པ་ཉིན་བཞུགས་སྒར་རྡ་སར་རྟེན་གཞི་བྱས་པའི་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་མི་ལོ་ ༦༡ འཁོར་བའི་དུས་དྲན་དང་བསྟུན་རྒྱ་ལུ་རུ་ཁག་དང་རྔོན་པ་རུ་ཁག་གཉིས་དབར་རྐང་བྲོ་གླུ་གཞས་འགྲན་བསྡུར་གནང་སྟེ་རྔོན་པ་རུ་ཁག་ལ་ཐེངས་འདིའི་རྐང་བྲོ་གླུ་གཞས་ཀྱི་རྒྱལ་ཁ་ཐོབ་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༥ ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་དང་ཁྲིམས་ཞིབ་པ་གཞན་གཉིས་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་མཆོག བཀའ་བློན་རྣམ་པ། སྤྱི་འཐུས་རྒྱུན་ལས་རྣམ་པ། རང་དབང་ཅན་གྱི་ལས་ཁུངས་ཁག་གི་འགན་འཛིན་རྣམ་པ། དེ་མིན་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་དང་སྐུ་མགྲོན་གཞན་བཅས་ལྷན་འཛོམས་ཐོག་རྒྱ་ལུ་རུ་ཁག་དང་རྔོན་པ་རུ་ཁག་གཉིས་དབར། རྐྱང་གཞས་དང་། འཁྲབ་གཞས། དེ་བཞིན་མཉམ་གཞས་བཅས་འགྲན་བསྡུར་གནང་མཐར་རྔོན་པ་རུ་ཁག་གིས་རྒྱལ་ཁ་བླངས།
དེ་ནས་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཟུར་དཔང་རྣམས་ལ་ཐུགས་རྗེ་ཆེ་ཞུའི་ལེགས་སྐྱེས་དང་། འགྲན་བསྡུར་གྱི་བྱ་དགའ་བཅས་གསོལ་རས་གནང་སྟེ་གསུང་བཤད་གནང་དོན། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། སྐུ་མགྲོན་རྣམ་པ། དེ་བཞིན་དྲྭ་རྒྱའི་བརྒྱུད་གཟིགས་མཁན་ཡོངས་ལ་ངས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། སྤྱིར་བོད་ཀྱི་ཟློག་གར་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ ༦༡ འཁོར་བཞིན་ཡོད། ད་བར་བྱས་རྗེས་ཧ་ཅང་ཆེན་པོ་བཞག་ཡོད། དེ་རིང་ཐད་སྲིང་གཟིགས་མཁན་ཁོངས་བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ཟུར་པ་མང་པོ་ཞིག་ཡོད་ངེས་རེད། ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༢༩ ཉིན་བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༦༠ འཁོར་བའི་དུས་ཆེན་སྲུང་བརྩིའི་མཛད་སྒོར་རྣམ་པ་ཚོ་འདིར་ཕེབས་ཡོད།
སྐབས་དེར་མང་པོ་ཞིག་ཞིག་ཧ་ཅང་སྤྲོ་བོ་བྱུང་ཞེས་གསུང་གི་འདུག སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཏེ་བཀའ་སློབ་ལམ་སྟོན་སྩལ་བར་བརྟེན་ཧ་ཅང་སྐལ་པ་བཟང་པོ་དང་བསོད་ནམས་བསགས་པའི་མཛད་སྒོ་ཞིག་བྱུང་སོང་། ཞེས་ཞུ་རྒྱུ་ཡིན། འཛམ་གླིང་གང་དུ་ཕྱིན་པ་ཡིན་ནའང་བོད་ཀྱི་ཐུན་མིན་གཞས་སྣ་འཁྲབ་སྟོན་འདི་ང་ཚོས་ངོམས་སུ་ཆོག་པ་དང་ཡིད་འཕྲོག་གི་ཡོད་པ་རེད། རྒྱ་གར་གྱིས་གཙོས་སྐུ་མགྲོན་སུ་འདྲ་ཞིག་འདིར་གཞས་སྣ་འཁྲབ་སྟོན་གཟིགས་སླད་ཕེབས་པ་ཡིན་ནའང་བོད་ཀྱི་རིག་གཞུང་ལ་ངོ་མཚར་སྐྱེ་བཞིན་ཡོད་པ་མ་ཟད། བོད་པའི་རིག་གཞུང་འདི་ཧ་ཅང་གཏིང་ཟབ་པོ་དང་སྤུས་དག་པོ། དོན་སྙིང་ལྡན་པ་ཞིག་ཡིན་སྐོར་གསུང་མཁན་ཤ་སྟག་ཡོང་གི་ཡོད།
ད་བར་ང་ཚོས་བོད་ཀྱི་ཐུན་མིན་རིག་གཞུང་འདི་སྲུང་སྐྱོབ་བྱས་པ་ཙམ་དུ་མ་ཟད། བཙན་བྱོལ་ནང་ཕྱི་ལོ་ ༡༩༥༩ ཟླ་ ༨ ཚེས་ ༡༡ ཉིན་བོད་ཀྱི་ཟློས་གར་ཐོག་མ་ཀ་སྦུག་ཏུ་བཙུགས་པ་རེད། དེ་ནས་མ་སུ་རིར་འཁྱུག་ཙམ་སྤོས་ཏེ་ཕྱི་ལོ་ ༡༩༦༠ ཕྱི་ཟླ་ ༥ ནས་རྡ་སར་སྤོས་སྐབས་གཞས་སྣ་འཁྲབ་སྟོན་གནང་མཁན་ཁ་ཤས་མ་གཏོགས་ཡོད་ས་མ་རེད། ༸རྒྱལ་བའི་གཟིམ་ཆུང་དུ་མཇལ་བཅར་ཞུ་སྐབས་མགོན་པོ་གང་ཉིད་མཆོག་གིས། ད་ལྟའི་ཆར་ཁྱེད་ཚོ་སྒྱུ་སྩལ་བ་ཉུང་ཤས་ཤིག་ལས་མེད་ནའང་སེམས་ཤུགས་མ་ཆག་པར་དཀའ་ལས་བརྒྱབ་ཤོག་ཨང་། རིམ་པས་ང་ཚོའི་ཟློས་གར་འདི་ཡར་རྒྱས་འགྲོ་གི་རེད། ཅེས་མ་འོངས་ལུང་བསྟན་མཛད་པ་ལྟར་ད་ཆ་བོད་ཀྱི་ཟློས་གར་ཚོགས་པ་འདི་ཉིད་བྱས་རྗེས་ཅན་གྱི་སྒྲིག་འཛུགས་ཤིག་ཆགས་ཡོད། ཉེ་ཆར་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁག་གསར་པ་བརྒྱབ་ཐུབ་ཡོད་པ་དང་། འཁྲབ་སྟོན་པ་ཡིན་ནའང་མང་དུ་ཕྱིན་པ། དཔལ་འབྱོར་གྱི་གནས་སྟངས་སོགས་གང་ཅིའི་ཐད་སྲ་བརྟན་ཆགས་ཡོད་པ་དེ་དག་ཚང་མས་འགན་ཁུར་ཆེ་བཞེས་ཀྱིས་ཧུར་ཐག་གནང་བ་ལ་བརྟེན་ནས་བྱུང་བ་རེད།
ནམ་རྒྱུན་ཡིན་ན་དབྱར་སྐྱིད་ཐད་སྲིང་གནང་སྲོལ་མེད་ནའང་ད་རེས་ཏོག་དབྱིབས་གཉན་རིམས་རྐྱེན་པས་མི་མང་པོ་ཞིག་ནང་དུ་བཞུགས་ཡོད་པར་བརྟེན་སེམས་ཁམས་ཐོག་ནས་ཕྲན་བུ་མ་སྐྱིད་པ་སོགས་ཡོད་ན། དབྱར་སྐྱིད་ཐད་སྲིང་ཞུ་ན་རྣམ་པ་ཚོ་སྤྲོ་བོ་ཡོང་ངེས་རེད་བསམ་པའི་ཐོག་ནས་ཐད་སྲིང་ཞུས་ཐུབ་པ་བྱུང་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་། །