ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡ རེས་གཟའ་ལྷག་པ།
༄༅། །བོད་རྒྱལ་ལོ་ ༢༡༤༧ རབ་གནས་ལྕགས་བྱི་སྣྲོན་ཟླའི་ཚེས་ ༡༡ ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡ རེས་གཟའ་ལྷག་པ་ཉིན་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་གི་དྲུང་དུ་བདམས་ཐོན་ལས་བྱེད་འདེམས་ལྷན་ཚོགས་མི་ཆོས་དབྱིངས་དོན་གྲུབ་ལགས་ཀྱིས་ལས་ཁུར་དམ་བཅའ་ཕུལ་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༥༥ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། བདམས་ཐོན་འདེམས་ལྷན་ཚོགས་མི། སྐུ་མགྲོན་རྣམ་པ་བཅས་ཚང་འཛོམས་ཀྱིས་ཐོག་མར་གནས་ཆུང་སྒྲ་དབྱངས་གླིང་གི་དགེ་འདུན་བཞི་གྲས་ཤིས་བརྗོད་གསུང་འདོན་གནང་།
དེ་རྗེས་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་བསྟུན། བདམས་ཐོན་འདེམས་ལྷན་ཚོགས་མི་ཆོས་དབྱིངས་དོན་གྲུབ་ལགས་ཀྱིས་རྟེན་གསུམ་འདེགས་འབུལ་ཞུས་ཏེ་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་གི་དྲུང་དུ་ལས་ཁུར་དམ་བཅའ་འབུལ་བཞེས་གྲུབ་བསྟུན་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་རྟེན་འབྱུང་མཇལ་དར་དང་རྟེན་འབྲེལ་མཚོན་བྱེད་སྒྲོན་འབུལ་གནང་མཚམས་དམ་འབུལ་མ་དེབ་ཏུ་མཚན་རྟགས་བཀོད།
དེ་ནས་མཛད་གཙོ་རྣམ་པ་དང་སྐུ་མགྲོན་རྣམ་པར་གྲོ་སོ་ཕྱེ་མར་དང་ཆང་ཕུད་འདེགས་འབུལ་དང་། རྟེན་འབྱུང་གསོལ་ཇ་དང་འབྲས་སིལ་ཕུལ་ཏེ་མཛད་གཙོ་རྣམ་པས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་ཁྲི་རིན་པོ་ཆེར་མཎྜལ་རྟེན་དོད་དང་མཇལ་དར་སྒྲོན་འབུལ་དང་འབྲེལ་བདམས་ཐོན་འདེམས་ལྷན་ཚོགས་མི་ལ་འཚམས་འདྲིའི་མཇལ་དར་སྒྲོན་ཏེ་དམ་འབུལ་གྱི་མཛད་སྒོ་གྲོལ།།