ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༣༡ རེས་གཟའ་པ་སངས།
༄༅། །ཐེ་ཝན་གྱི་སྲིད་འཛིན་ཟུར་པ་དང་མང་གཙོའི་ཡབ་ཆེན་དུ་འབོད་པ་སྐུ་ཞབས་ལེ་ཏིང་ཧུའི་མཆོག་དགུང་ལོ་ ༩༧ ཐོག་ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༣༠ ཉིན་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དམ་པ་གང་གི་ནང་མི་ལྟོས་བཅས་ཡོངས་ལ་ཐུགས་གསོའི་གསུང་འཕྲིན་ཞིག་གནང་བའི་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་དང་བོད་མིའི་ཚབ་ཞུས་ཏེ་ཐེ་ཝན་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ལེ་ཏིང་ཧུའི་ Mr Lee Teng-hui མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་ཐུགས་གསོ་ཞུ་རྒྱུ་ཡིན།
དམ་པ་དེ་ཉིད་སྐུ་ཚེའི་འཕེན་པ་རྫོགས་པར་བརྟེན་ཐེ་ཝན་མི་མང་དང་གཞིས་བྱེས་བོད་མི་ཡོངས་ལ་བློ་ཕམ་ཧ་ཅང་བྱུང་ཡོད། ཕྱི་ལོ་ ༡༩༩༧ ལོར་དམ་པ་དེ་ཉིད་སྲིད་འཛིན་ལས་ཐོག་ཡིན་པའི་སྐབས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཐེ་ཝན་ནང་ཐེངས་དང་པོ་ལོ་རྒྱུས་རང་བཞིན་ལྡན་པའི་གདན་ཞུ་གནང་ཡོད། སྐབས་དེར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐེ་ཝན་གྱི་སྲིད་འཛིན་གཞོན་པ་ཟུར་པ་ལེན་ཁྲན་ Lien Chan མཆོག་དང་ཐེངས་དང་པོ་མཇལ་འཕྲད་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་ཐེ་ཝན་མི་མང་ལ་ངོ་སྤྲོད་གནང་ཡོད།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་སྲིད་འཛིན་ཟུར་པ་སྐུ་ཞབས་ལེ་ཏིང་ཧུའི་མཆོག་རྣམ་གཉིས་མཇལ་འཕྲད་གནང་སྟེ་བོད་དང་ཐེ་ཝན་མི་མང་དབར་ལོ་རྒྱུས་རང་བཞིན་ལྡན་པའི་གདུང་སེམས་མཉམ་སྐྱེའི་འབྲེལ་ལམ་གསར་པ་ཞིག་བསྐྲུན་ཡོད། དམ་པ་དེ་ཉིད་ཕུགས་བསམ་ཅན་དང་དཔལ་འབྱོར་རིག་པ་བ་ཞིག་ཡིན་པ་མ་ཟད། ཐེ་ཝན་རྒྱལ་ཁབ་དེ་བཞིན་མང་གཙོ་ཅན་ལ་བསྒྱུར་བར་བརྟེན་སྐུ་ཞབས་མང་གཙོ་ཞེས་མཚན་སྙན་ཐོབ་ཡོད།
ཕྱི་ལོ་ ༡༩༩༦ ལོར་ཐེ་ཝན་མི་མང་གིས་ཐད་ཀར་འོས་ཤོག་བླུགས་ཏེ་ཐེ་ཝན་སྲིད་འཛིན་གྱི་འོས་བསྡུ་ཆེན་མོའི་ཁྲོད་སྐུ་ཞབས་ལེ་ཏིང་ཧུའི་མཆོག་ལ་འོས་བསྡུའི་རྒྱལ་ཁ་ཆེན་པོ་ཐོབ་ཡོད་པ་མ་ཟད། ཐེ་ཝན་རྒྱལ་ཁབ་དེ་བཞིན་དྲག་པོའི་ཁྲིམས་གཞི་ལས་མང་གཙོ་ཆ་ཚང་བ་ལྡན་པའི་རྒྱལ་ཁབ་ཞིག་ལ་བསྒྱུར་ཡོད། ལོ་རྒྱུས་ཀྱི་ཐོག་ནས་དུས་རྟག་ཏུ་དམ་པ་དེ་ཉིད་ཐེ་ཝན་རྒྱལ་ཁབ་ཀྱི་མང་གཙོ་སྲོལ་གཏོད་པ་པོའི་ཡབ་ཆེན་དུ་དྲན་གསོ་ཞུ་ངེས་ཡིན། དམ་པ་དེ་ཉིད་ཀྱི་མཛད་རྗེས་ཀྱིས་མུ་མཐུད་ང་ཚོར་སེམས་ཤུགས་བསྐྱེད་ངེས་རེད། ངས་སླར་ཡང་དམ་པ་དེ་ཉིད་ཀྱི་ནང་མི་ལྟོས་བཅས་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་ཡིན། ཞེས་གསུངས།།