ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡༠ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་བརྒྱུད་གསུང་དོན། རེས་གཟའ་ཕུར་བུ་ནམ་ཡིན་ལ་ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་བརྒྱུད་འཕྲོད་བསྟེན་དང་འབྲེལ་བའི་སྙན་སེང་ཞུ་དགོས་ཁག་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ནས་གལ་ཆེ་གསལ་བསྒྲགས་བྱེད་དགོས་རིགས་བྱེད་བཞིན་ཡོད་པ་རེད། ད་རེས་གནས་ཚུལ་བཟང་བ་ཞིག་ལ་ཨ་རི་གཞུང་ནས་ཨ་རིའི་རོགས་ཚོགས་བརྒྱུད་རོགས་དངུལ་གནང་རྒྱུ་དེ་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩར་ཐད་ཀར་གནང་རྒྱུ་གཏན་འཁེལ་ཡོད།
ཐོག་མར་འཕྲོད་བསྟེན་དང་འབྲེལ་བའི་ཚིག་ཁ་ཤས་ཤིག་ཞུ་རྒྱུ་ཡིན། བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ནང་ཏོག་དབྱིབས་གཉན་རིམས་ཕོག་པ་དེ་འདྲ་འཐོན་ཡོང་གི་འདུག འོན་ཀྱང་ད་བར་བརྒྱ་ཆ་ ༩༠ ཙམ་འགོག་དབྱེ་ཟུར་འཇོག་ཁང་དུ་བརྟག་དཔྱད་བྱས་པའི་ཁོངས་ནས་འཐོན་ཡོང་གི་ཡོད། དེ་དག་སྨན་ཁང་དུ་སྨན་བཅོས་བྱས་ནས་དྲག་སྐྱེད་བྱུང་གི་ཡོད། སྟབས་ལེགས་པ་ཞིག་ལ་ད་བར་རྡ་ས་དང་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ནང་ཁྱབ་བརྡལ་ཕྱིན་མེད། ཏོག་དབྱིབས་གཉན་རིམས་ལ་སྨན་ཁབ་མེད་པར་བརྟེན་འགོག་དབྱེ་ཟུར་འཇོག་ཁང་དུ་སྡོད་རྒྱུ་སྨན་བཅོས་བཟང་ཤོས་རེད། ད་རེས་སླར་ཡང་དོ་ནན་པོ་བྱས་ནས་ཞུ་རྒྱུར་ཚང་མས་ངེས་པར་དུ་འགན་བཞེས་ཏེ་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་རོགས། སོ་སོའི་སྲོག་དང་འཕྲོད་བསྟེན། སོ་སོའི་ནང་མིར་ནད་ཡམས་འདི་མི་འགོ་བའི་སླད་ང་ཚོའི་ངོས་ནས་མཐུན་རྐྱེན་སྦྱར་ཡོད་པ་དེར་ངེས་སུར་དུ་བཞུགས་རོགས། གལ་ཏེ་འགོག་དབྱེ་ཟུར་འཇོག་ཁང་དུ་མ་བཞུགས་པ་ཡིན་ན། བོད་མིའི་གཞིས་ཆགས་ཁག་ཏུ་ནད་ཡམས་འདི་ཁྱབ་བརྡལ་ཕྱིན་པ་ཡིན་ན། ང་ཚོས་སྟངས་འཛིན་བྱེད་དཀའ་བ་མ་ཟད། འགན་ཡང་འཁྱེར་ཐུབ་ཀྱི་མ་རེད་བསམ་གྱི་འདུག
དཔེར་ན། རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་མུམ་བྷེའི་ནང་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་གནས་སྟངས་ཁག་པོ་ཆགས་ཡོད། དེང་སྐབས་སྦེང་ལོར་དུའང་ནད་ཡམས་ཤུགས་ཆེ་ཁྱབ་བཞིན་ཡོད། དེར་བརྟེན་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཚང་མས་ངེས་པར་དུ་ཡིད་གཟབ་གནང་རོགས། རང་ཉིད་གང་དུ་ཡོད་ནའང་དེར་བཞུགས་རོགས། ཞེས་ཞུ་རྒྱུ་ཡིན།
གཉིས་པ་ནི། ནད་ཡམས་འདི་ཕོག་པའི་ནང་མི་དང་སྤུན་ཉེ་སོགས་ལ་དབྱེ་འབྱེད་མ་གནང་རོགས། ནད་པ་ཕལ་ཆེ་བ་ནད་རྟགས་མི་མངོན་པ་ཤ་སྟག་རེད། གསར་འགྱུར་བརྒྱུད་ལམ་ཁག་ཡིན་ནའང་ནད་པར་བཅར་འདྲི་མ་གནང་རོགས། བཅར་འདྲི་གནང་བ་ལ་བརྟེན་ནས་སྤྱི་ཚོགས་ནང་གོ་ནོར་བྱུང་བ་ཡིན་ན་བརྡབ་གསིག་བཟོ་ཉེན་འདུག ཅེས་དང་།
གཞན་ཡང་ཨ་རིའི་རོགས་དངུལ་དང་འབྲེལ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་དོན། ད་རེས་གནས་ཚུལ་བཟང་བ་ཞིག་ལ་ཨ་རི་གཞུང་ནས་ཨ་རིའི་རོགས་ཚོགས་བརྒྱུད་རོགས་དངུལ་གནང་རྒྱུ་དེ་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩར་ཐད་ཀར་གནང་རྒྱུ་ཆགས་ཡོད་པ་དེར་རྒྱུ་མཚན་ཁ་ཤས་ཤིག་ཡོད་པའི་ནང་ནས་དང་པོ་ནི། ཨ་རིའི་གཞུང་ནས་བོད་མིའི་སྒྲིག་འཛུགས་ལ་དངུལ་ཐད་ཀར་གནང་གི་ཡོད་པ་རེད། གཉིས་པ་ནི་ཆབ་སྲིད་ཐོག་ནས་གནད་འགག་ཧ་ཅང་ཆེན་པོ་རེད། གང་ཡིན་ཞེ་ན་སྤྱིར་ཨ་རིའི་གཞུང་ནས་གཞུང་གཞན་ལ་ཐད་ཀར་དངུལ་མང་པོ་ཞིག་གནང་གི་ཡོད། དེ་སྔ་འཕྲོད་བསྟེན་ལས་ཁུངས་ལ་དངུལ་ཉུང་ཤས་ཤིག་ཐོབ་ཡོད་པ་ལས་གཞན་དངུལ་ཐད་ཀར་རག་མེད། ད་རེས་གཞུང་ཞིག་གི་ཡན་ལག་ཞིག་ནས་གཞུང་གཞན་ཞིག་གི་ཡན་ལག་ལ་ཐད་ཀར་དངུལ་གནང་གི་ཡོད་པ་དེ་ནི་ཆབ་སྲིད་ཀྱི་ཐོག་ནས་གནད་འགག་ཧ་ཅང་ཆེན་པོ་རེད།
གཙོ་ཆེ་ཤོས་ཨ་རིའི་གཞུང་གི་རོགས་ཚོགས་བརྒྱུད་གཞུང་གཞན་ལ་དངུལ་གནང་གི་ཡོད་ཀྱང་ཞིབ་འཇུག་མང་པོ་ཞིག་བྱས་ཏེ་གནང་གི་ཡོད། བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩར་འབྲེལ་བ་ཆགས་ཀྱི་ཡོད་པ་དེར་ནུས་པ་དང་ལས་བྱེད། འཇོན་ཐང་། ཚགས་ཚུད་ཡོད་མེད་སོགས་ཞིབ་འཇུག་མཐིལ་ཕྱིན་བྱས་ནས་མཐར་ཚགས་ཚུད་པོ་འདུག དངུལ་ཐད་ཀར་སྤྲད་པ་ཡིན་ན་གཞུང་གཞན་དང་རྒྱལ་སྤྱིའི་ཚོགས་པ་ཆེ་ཁག་བཞིན་ཕྱི་གསལ་ནང་གསལ་བྱེད་ཐུབ་པ་འདུག་ཅེས་དངུལ་སྤྲོད་ཀྱི་ཡོད་པ་རེད། དེས་གང་སྟོན་གྱི་ཡོད་དམ་ཞེ་ན། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཀྱིས་འགན་འཁུར་ཐུབ་ཀྱི་ཡོད་པ་དང་། ཕྱག་ལས་གནང་ཐུབ་ཀྱི་ཡོད་པ་འདི་ཧ་ཅང་གནད་འགག་ཆེན་པོ་རེད། དེར་བརྟེན་དཔལ་འབྱོར་ལས་ཁུངས་ཀྱིས་གཙོས་ས་གནས་འགོ་འཛིན་སོགས་ཀྱིས་ཚོས་རེ་བ་བྱས་པ་བཞིན་ལག་བསྟར་བྱས་པའི་གྲུབ་འབྲས་ཆེན་པོ་ཞིག་རེད། ད་རེས་ཕྱི་ཟླ་ ༦ ནང་བོད་མིའི་སྒྲིག་འཛུག་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩར་ཨ་རིའི་གཞུང་གི་རོགས་དངུལ་ཐད་ཀར་རག་ཐུབ་པ་བྱུང་ཡོད་པ་འདི་བོད་མིའི་སྒྲིག་འཛུགས་ཀྱི་དབུས་སའི་ལས་བྱེད་ཡོངས་ནས་དཀའ་ལས་བརྒྱབ་པ་ལ་བརྟེན་ནས་གྲུབ་འབྲས་བྱུང་བ་ཞིག་རེད། གནས་ཚུལ་བཟང་པོ་འདི་མི་མང་ཡོངས་ལ་མཁྱེན་རྟོགས་སླད་ཞུ་ན་དྲན་བྱུང་། ཞེས་སོགས་གསུངས། །