ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡༠ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཙམ་ལ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་དྲྭ་ལམ་ཐད་གཏོང་བརྒྱུད་འཛིན་རིམ་བཅུ་གཉིས་ཀྱི་སློབ་ཕྲུག་དང་ལྷན་དུ་ཚོགས་འདུ་ཞིག་བསྐོང་ཚོགས་གནང་ཡོད།
སྐབས་དེར་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་འཚམས་འདྲི་དང་འབྲེལ་གསུང་བཤད་གནང་དོན། ད་རེས་དྲྭ་རྒྱའི་བརྒྱུད་མཇལ་དགོས་དོན་གཙོ་བོ་ནི། ཏོག་དབྱིབས་གཉན་རིམས་ནད་ཡམས་ཀྱི་རྐྱེན་པས། རྒྱ་གར་རྒྱལ་ཡོངས་སྒོ་རྒྱ་བསྡམས་པ་དང་སློབ་གྲྭ་ཁག་ཚང་མ་སྒོ་བརྒྱབ་ཡོད་པར་བརྟེན་སློབ་ཕྲུག་རྣམས་གཞིས་ཆགས་ཁག་གི་ནང་དང་ཁ་ཤས་སློབ་གྲྭར་ལྷག་པ། དེ་བཞིན་ཁ་ཤས་རྒྱ་གར་གྱི་གྲོང་ཁྱེར་ཁག་ཏུ་ལུས་པ་སོགས་བྱུང་ཡོད་སྟབས། ཤེས་ཡོན་ཐོག་ནས་ག་འདྲ་ཆགས་ཡོང་ཞེས་སེམས་ཁྲལ་ཧ་ཅང་བྱུང་སོང་། འོན་ཀྱང་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་འགན་ཁུར་རྐང་བཞེས་ཐོག་ཕྱག་ལས་ཧ་ཅང་ཡག་པོ་གནང་ཡོད། འཛིན་རིམ་དང་པོ་ནས་འཛིན་རིམ་བཅུ་གཉིས་བར་གྱི་སློབ་ཚན་ཆ་ཚང་དྲྭ་རྒྱ་བརྒྱུད་ཐད་སྲིང་གནང་ཡོད་པ་མ་ཟད་གཟིགས་རྒྱུ་ཡོད་པ་དང་། སློབ་སྦྱོང་ག་རེ་གནང་དགོས་པ་ཆ་ཚང་ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་བརྒྱུད་བཏང་ཡོད། དེར་བརྟེན་ཕྱོགས་གཅིག་ནས་རྣམ་པ་ཚོར་གོ་སྐབས་བཟང་པོ་རེད།
ང་ཚོའི་སྐབས་སུ་འཛིན་གྲྭའི་ནང་དགེ་རྒན་ཡག་པོ་ཞིག་འཁེལ་བ་ཡིན་ན་རླུང་རྟ་རྒྱུག་པ་རེད། དེ་མིན་དགེ་རྒན་སྐྱོ་བོ་ཞིག་འཁེལ་བ་ཡིན་ན་སློབ་ཚན་དེ་སྐྱོ་རུ་འགྲོ་ཡི་ཡོད། ད་རེས་དྲྭ་རྒྱའི་བརྒྱུད་སློབ་ཚན་མང་དག་ཅིག་འཁྲིད་ཡོད་པར་བརྟེན་སློབ་ཕྲུག་མང་པོ་ཞིག་ཕེབས་ཐུབ་ཡོད་པ་མ་ཟད། ཤེས་རིག་ལས་ཁུངས་ནས་མཐུན་རྐྱེན་ཡག་པོ་སྦྱར་ཡོད་སྟབས་ཤེས་ཡོན་སློབ་སྦྱོང་ཐོག་འཐུས་ཤོར་འགྲོ་རྒྱུ་མ་རེད་བསམ་གྱི་འདུག ད་རེས་འཛིན་གྲྭ་བཅུ་གཉིས་ཀྱི་སློབ་ཕྲུག་རྣམས་ཡིག་རྒྱུགས་གཏོང་ཐུབ་མིན་སོགས་ཀྱི་གནས་སྟངས་འོག་སློབ་གྲྭར་ཡུན་རིང་ལྷག་པ་རེད།
ཏོག་དབྱིབས་གཉན་རིམས་འདི་འཛམ་གླིང་རྒྱལ་ཁབ་ཉིས་བརྒྱ་ཙམ་ལ་ཁྱབ་བརྡལ་བྱུང་སྟེ་ཅི་བྱ་གཏོལ་མེད་དུ་གྱུར་ཡོད། ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་ད་ལྟ་འཛམ་གླིང་ནང་མི་སྒེར་སོ་སོའི་འགྲོ་འདུག་སྤྱོད་གསུམ་སོགས་ལ་འགྱུར་བ་ཧ་ཅང་ཕྱིན་ཡོད་པ་མ་ཟད། འཕྲོད་བསྟེན་ཐོག་སྔར་ལྷག་དོ་སྣང་ཤུགས་ཆེ་སླེབས་ཡོད། དེར་བརྟེན་མཐོ་སློབ་འགྲིམས་མཁན་དང་འཛིན་རིམ་བཅུ་གཉིས་གསར་པ་འཐོན་མཁན་ཚོར་ཞུ་རྒྱུར། གནས་སྟངས་འདིའི་ཐོག་ནས་མ་འོངས་པར་འཕྲོད་བསྟེན་དང་འབྲེལ་བའི་ལས་ཀ་མང་པོ་ཆགས་ངེས་རེད། རྣམ་པ་ཚོས་འཛམ་གླིང་འགྱུར་འགྲོས་དང་བསྟུན་ནས་བསམ་བློ་གཏོང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
སློབ་ཕྲུག་རྣམས་ནས་ད་ལྟའི་དུས་སུ་གོ་སྐབས་དམ་འཛིན་གྱིས་ཤེས་ཡོན་སློབ་སྦྱོང་ཧུར་ཐག་གནང་དགོས་རྒྱུ་གལ་ཆེན་པོ་རེད། སློབ་ཕྲུག་ཚོས་དུས་ཚོད་ཆུད་ཟོས་སུ་མ་བཏང་བར་སློབ་སྦྱོང་ལ་ཧུར་བརྩོན་ངེས་པར་དུ་བྱེད་དགོས། ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་ནས་གལ་ཆེ་ཚོགས་འདུ་རིགས་དྲ་ལམ་བརྒྱུད་འཚོགས་བཞིན་ཡོད། དེ་སྔ་ཡིན་ན་ལོ་ལྟར་འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་སློབ་ཕྲུག་རྣམས་དངོས་སུ་འཛོམས་ཏེ་ཚོགས་འདུ་བསྐོང་ཚོགས་གནང་གི་ཡོད། ད་ཆ་ཚོགས་འདུ་ཕལ་ཆེ་བ་དྲྭ་རྒྱའི་བརྒྱུད་འཚོགས་བཞིན་ཡོད། དེར་བརྟེན་ད་རེས་རྣམ་པ་ཚོར་སྦྱོང་བརྡར་ཐེངས་དང་པོ་རེད། ང་ཚོའི་ངོས་ནས་འཛིན་རིམ་བཅུ་གཉིས་གསར་རྙིང་གི་སློབ་ཕྲུག་རྣམས་ལ་རེ་བ་ཆེན་པོ་བྱེད་ཀྱི་ཡོད། སྲིད་སྐྱོང་སློབ་ཡོན་གཟེངས་རྟགས་བཞེས་མཁན་གང་མང་སླེབས་ཐུབ་པའི་རེ་བ་ཡོད། ད་རེས་སློབ་ཁྲིད་རྩ་འཛིན་བརྒྱ་ཆ་སུམ་ཅུ་སོ་ལྔ་ཙམ་ཉུང་དུ་བཏང་ཡོད་ས་རེད། ཁྱེད་རང་ཚོར་ལས་སླ་རུ་ཕྱིན་ཡོད། སློབ་ཚན་ཚང་མ་དྲྭ་རྒྱའི་ནང་བཅུག་ཡོད། དེར་བརྟེན་སློབ་ཕྲུག་ཙམ་དུ་མ་ཟད་ཕ་མ་རྣམས་ནས་ཀྱང་འགན་བཞེས་དགོས། ཞེས་སོགས་ཀྱི་གསུང་བཤད་གནང་། །