ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༨ རེས་གཟའ་ལྷག་པ།
༄༅། །འདི་གར་ཐེ་ཝན་དོན་ཁང་ནས་བཏང་གནས་ནང་འཁོད་དོན། རྒྱ་ནག་གཞུང་གིས་བོད་འདི་བཞིན་གནའ་སྔ་མོ་ནས་རྒྱ་ནག་གི་མངའ་ཁོངས་བསྙོན་མེད་ཡིན་པའི་འུད་སྒྲོག་གི་ཁྱབ་བསྒྲགས་དང་། ཁུངས་ལུང་མེད་པའི་ལོ་རྒྱུས་ཀྱི་ཡིག་ཆ་འབོར་ཆེན་འགྲེམས་སྤེལ་གྱིས་དྲིལ་བསྒྲགས་བྱེད་བཞིན་ཡོད་ཀྱང་། བློ་གཟུ་བོར་གནས་པའི་ལོ་རྒྱུས་མཁས་དབང་ཚོས་གནའ་བོའི་ཡིག་ཆ་རྙིང་པ་དང་། ལྷག་དོན་རྒྱ་ནག་གཞུང་གིས་ངོས་ལེན་ཡོད་པའི་ཡིག་ཆ་ཁག་ལ་ཁུངས་གཏུགས་ཏེ་བོད་ཀྱི་རྒྱལ་རབས་ལོ་རྒྱུས་འབྲི་རྩོམ་བྱེད་བཞིན་ཡོད་པ་ལྟར། ར་ཤེ་ཡའི་རྩོམ་པ་པོ་སྐུ་ཞབས་ S.L. Kuzmin ལགས་ཀྱིས་རྩོམ་བྲིས་གནང་བ་སྦས་བསྐུངས་ཀྱི་བོད་ Hidden Tibet ཅེས་པ་གངས་ལྗོངས་དཔེ་སྐྲུན་ཁང་གི་འགན་འཛིན་ལྕམ་ལེའེ་གཡུས་ཉིང་ལགས་ཀྱིས་ཨིན་ཡིག་ནས་རྒྱ་ཡིག་ཐོག་ཕབ་སྒྱུར་གནང་བའི་དཔེ་དེབ་འདི་བཞིན། ༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཕོ་བྲང་པོ་ཏ་ལར་གསེར་ཁྲིར་མངའ་གསོལ་ཞུས་ཏེ་ལོ་ ༨༠ དང་། ལུགས་གཉིས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་ཏེ་ལོ་ ༧༠ འཁོར་བ། དབུས་བོད་མིའི་སྒྲིག་འཛུགས་ནས་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ལོ་སྲུང་བརྩི་ཞུ་བའི་ཆེད་དུ་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་བའི་མཛད་སྒོའི་ཐོག་ཐེ་པེ་གྲོང་ཁྱེར་གྲོས་ཚོགས་འཐུས་མི་སྲས་མོ་ལིན་དབྱི་མོང་ལགས་དང་། གངས་ལྗོངས་དཔེ་སྐྲུན་ཁང་གི་འགན་འཛིན་ནས་དབུ་འབྱེད་གནང་ཡོད་པ་རེད། དེབ་འདིར་སྔོན་ཡོད་ལེ་ཚན་བཅུ་གཉིས་ཐོག་རྒྱ་ཡིག་དཔར་མའི་ནང་བོད་ ༢༠༡༠ ནས་ ༢༠༡༩ ལོ་ཞེས་རྩོམ་པ་པོས་ལེ་ཚན་གསར་པ་རྩོམ་འབྲི་གནང་ཡོད་པ་མ་ཟད། དཔལ་ལྡན་སྲིད་སྐྱོང་མཆོག་ནས་སྔོན་གླེང་བྲིས་གནང་ཡོད་པ་རེད།
དེ་མིན་རྒྱ་ནག་གི་རྩོམ་པ་པོ་སྐུ་ཞབས་ཝང་ལི་ཞུང་ལགས་ཀྱིས་སྒྲུང་རྩོམ་གྱི་རྣམ་པའི་ཐོག་ནས་རྩོམ་བྲིས་གནང་བ་ཡང་སྲིད་ཅེས་པའི་གངས་ལྗོངས་དེབ་ཕྲེང་ ༣༩ པ་དེ་བཞིན་ཐེ་ཝན་གྲོས་ཚོགས་འཐུས་མི་ཟུར་པ་ལྕམ་ཡུའུ་མེའེ་ཉུའུ་ལགས་ཀྱིས་དབུ་འབྱེད་དང་ངོ་སྤྲོད་གནང་།
བོད་ཀྱི་བུད་མེད་རྩོམ་པ་པོ་འོད་ཟེར་ལགས་ཀྱིས་བྲིས་པའི་སྙན་ངག་དཔེ་དེབ་ཨ་མྱེས་རྨ་ཆེན་ཞེས་པའི་གངས་ལྗོངས་དེབ་ཕྲེང་ ༣༧ པ་དེ་བཞིན་ཐེ་ཝན་གྲོས་ཚོགས་འཐུས་མི་སྐུ་ཞབས་ཧུང་ཧྲེང་ཧན་ལགས་ཀྱིས་དབུ་འབྱེད་དང་ངོ་སྤྲོད་གནང་།
གངས་ལྗོངས་དེབ་ཕྲེང་ ༤༠ པ་སྟེ་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་བཙུགས་ནས་ལོ་ཉི་ཤུ་འཁོར་བའི་ལོ་རྒྱུས་བརྙན་དེབ་སྤུས་ལེགས་འདི་བཞིན་ཏུང་ཝུ་གཙུག་ལག་སློབ་ཆེན་དགེ་ཆེ་སྐུ་ཞབས་ཧོང་མོང་ལགས་ཀྱིས་དབུ་འབྱེད་དང་ངོ་སྤྲོད་གནང་།
ཐེ་ཝན་དོན་ཁང་ནས་ལོ་ལྟར་འགྲེམས་སྤེལ་ཞུ་བའི་༸གོང་ས་མཆོག་གི་བཀའ་སློབ་དེབ་ཕྲེང་ ༡༨ པ་འདི་བཞིན་དོན་ཁང་གི་ཆོས་དགེ་དགེ་བཤེས་འཇམ་དཔལ་ཆོས་འཛིན་ལགས་ཀྱིས་དབུ་འབྱེད་དང་ངོ་སྤྲོད་གནང་།
གཞན་ཡང་ཐེ་ཝན་མི་རིགས་རྒྱ་གར་བྱང་རྩེ་གྲྭ་ཚང་ནང་དགེ་བཤེས་ཀྱི་བསླབ་པ་སློབ་གཉེར་གནང་བཞིན་པ་བོད་མིང་བློ་བཟང་བྱམས་ཆེན་ཞུ་བས་རྒྱུན་དུ་༸གོང་ས་མཆོག་གི་བཀའ་སློབ་ཉིང་བཅུད་གསོག་ཉར་དང་རྒྱ་ཡིག་ཐོག་ཕབ་བསྒྱུར་ཞུས་ཏེ་བཀའ་སློབ་ཉིང་བཅུད་ཁྱོན་གྲངས་ ༡༡༣ དང་། སྐུ་པར་གྲངས་ ༡༡༣ འཁོད་པའི་དཔེ་དེབ་བརྗོད་པ་ ༡༡༣ ཞེས་པ་དབུ་འབྱེད་དང་ངོ་སྤྲོད། ༸གོང་ས་མཆོག་དགུང་གྲངས་ ༡༡༣ བར་སྐུ་འཚོ་བཞུགས་ཀྱི་གསོལ་འདེབས་སྨོན་འདུན་ཞུས་གནང་ཡོད་པ་བཅས། །