ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༧ རེས་གཟའ་མིག་དམར།
༄༅། །འདི་གར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། བོད་མིའི་བླ་ན་མེད་པའི་དབུ་འཁྲིད་འདི་ཕྱི་གཉིས་ཀྱི་སྐྱབས་གནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་ ༨༥ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་གི་གོ་སྒྲིག་འོག་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པ་རེད།
ཕྱི་ཟླ་ ༧ ཚེས་ ༤ རེས་གཟའ་སྤེན་པ་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་༸གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པ་ཆེ་སྐུ་ཚབ་དོན་གཅོད་དང་། གྲོས་ཚོགས་འཐུས་མི་སོགས་སྐུ་མགྲོན་རྣམ་པས་སྤོས་སྣེས་སྔུན་བསུས་ཏེ་བཞུགས་ཁྲི་རིན་པོ་ཆེའི་ཐོག་གདན་འདྲེན་ཞུས་རྗེས། དབུས་བོད་མིའི་སྒྲིག་འཛུགས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དམིགས་བསལ་བོད་རྒྱ་ཨིན་གསུམ་གྱི་སྐད་ཡིག་ཐོག་འཁྲུངས་སྐར་དུས་ཆེན་ལ་གནང་བའི་བརྙན་ཐུང་གཟིགས་འབུལ་ཞུས།
དེ་རྗེས་སྐུ་མགྲོན་གཙོ་བོ་ཐེ་ཝན་གྲོས་ཚོགས་འཐུས་མི་དང་། ཐེ་པེ་གྲོང་ཁྱེར་གྲོས་ཚོགས་འཐུས་མི་སོགས་ནས་གསུང་བཤད་དང་དཔེ་དེབ་དབུ་འབྱེད་གནང་བ་དང་། མཐའ་མ་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་གཙོ་བོ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལམ་སྟོན་བཞིན་འདི་ལོ་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ལོ་སྲུང་བརྩི་ཞུ་བའི་དམིགས་ཡུལ་དང་༸གོང་ས་མཆོག་གི་མཛད་འཕྲིན་སྙིང་བསྡུས་ངོ་སྤྲོད་གནང་རྗེས་བོད་མིར་རྒྱབ་སྐྱོར་གནང་མཁན་ཐེ་ཝན་མི་མང་ལ་ཐུགས་རྗེ་ཆེ་ཞུས།
འཁྲུངས་སྐར་གྱི་བག་ལེབ་རྫོགས་ཆེན་མགོན་པོ་རིན་པོ་ཆེ་མཆོག་གིས་དབུ་འབྱེད་དང་། མཇུག་ཏུ་ཐེ་ཝན་དོན་ཁང་ནང་ཆོས་འཛིན་གྲྭ་དང་། ཐེ་ཝན་རྫོགས་ཆེན་ཆོས་ཚོགས། ཐེ་ཝན་ནང་སློབ་གཉེར་བྱེད་བཞིན་པའི་བོད་པའི་སློབ་ཕྲུག་བཅས་ཀྱི་འཁྲབ་སྟོན་གནང་རྗེས་ཚོགས་བཞུགས་ཡོངས་ནས་༸གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་དཀར་གཙང་མཇལ་དར་བསྒྲོན་འབུལ་དང་། ཉིན་གུང་དཀར་སྐྱོང་གསོལ་ཚིགས་གྲ་རྒྱས་པོ་འདེགས་འབུལ་དང་། ༸གོང་ས་མཆོག་གི་བརྙན་དེབ་སྤུས་ལེགས་སོགས་ཕྱག་རྟགས་ཕུལ་ཏེ་སྔ་དྲོའི་མཛད་སྒོ་དགའ་སྤྲོའི་རྣམ་པའི་ཐོག་ནས་མཇུག་སྒྲིལ།
ཕྱི་དྲོ་ཆུ་ཚོད་ ༢ པ་ནས་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་གཞེན་བསྐུལ་གནང་དོན་བཞིན་ཚོགས་ཞུགས་ཡོངས་ནས་མ་ཎི་ཡིག་དྲུག་ཆུ་ཚོད་གཅིག་རིང་གསོག་སྒྲུབ་ཞུས་ཏེ་དེ་ཉིན་མཛད་སྒོ་བཀྲ་ཤིས་པའི་ངང་མཇུག་སྒྲིལ།
གཞན་ཡང་ཚེས་ ༥ རེས་གཟའ་ཉི་མ་ཉིན། ཐེ་ཝན་དགའ་ལྡན་ཤར་རྩེ་ཆོས་ཚོགས་ནས་གོ་སྒྲིག་གནང་བའི་༸སྐུའི་འཁྲུངས་སྐར་དུས་ཆེན་རོལ་དབྱངས་འཁྲབ་སྟོན་ཐོག་ཇི་ལྟར་གསོལ་བ་བཏབ་པ་བཞིན་༸གོང་ས་མཆོག་ནས་དྲ་བརྙན་ཐད་སྲིང་བརྒྱུད་ཐེ་ཝན་མི་མང་ལ་བཀའ་སློབ་བཀའ་དྲིན་སྩལ་བ་དང་། གོ་སྒྲིག་གནང་མཁན་ཕྱོགས་ནས་༸གོང་ས་མཆོག་གི་མཚན་ཐོག་ཐེ་པེ་གྲོང་ཁྱེར་མེ་གསོད་ཉེན་སྲུང་ལས་ཁུངས་ལ་ཏཱ་ལའི་བླ་མ་འཁོར་ཨང་དྲུག་པ་ཞེས་ཛ་དྲག་མྱུར་སྐྱོབ་ཀྱི་སྣུམ་འཁོར་སྤུས་ལེགས་ཞལ་འདེབས་ཕུལ་བ་སོགས་གཞི་རྒྱ་ཆེ་བའི་མཛད་སྒོ་རྒྱལ་ཁའི་ངང་ལེགས་གྲུབ་བྱུང་ཡོད་པ་བཅས། །