ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༣ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༢ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཝུ་ཧན་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་བཅུ་བཞི་པ་སྤེལ་ཡོད་པ་དང་། གསལ་བསྒྲགས་ཞུ་མཁན་ཕྱི་ལུགས་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་དང་སྨན་པ་ཚེ་རིང་མཚམས་གཅོད་ལགས་རྣམ་གཉིས་ཡིན།
གསལ་བསྒྲགས་ནང་དོན་དོན་ཚན་དང་པོ་འཛམ་གླིང་སྤྱི་ཡོངས་ནང་གནས་སྟངས། གཉིས་པ། བྱེ་བྲག་རྒྱ་བལ་འབྲུག་གསུམ་གྱིས་གཙོས་བཙན་བྱོལ་བོད་མིའི་ནང་གནས་སྟངས། གསུམ་པ། ཚོགས་ཆུང་གི་གྲུབ་ཐོན། བཞི་པ། ཐུགས་སྣང་ལམ་སྟོན་བཅས་ཡིན།
དང་པོ། འཛམ་གླིང་སྤྱི་ཡོངས་ནང་ད་ལྟའི་གནས་སྟངས།
ཁྱོན་ད་བར་ནད་གཞི་ཕོག་པ་གྲངས། ༡༠༣༥༧༦༦༢ ༼ས་ཡ་བཅུ་དང་སུམ་འབུམ་ལྔ་ཁྲི་བདུན་སྟོང་དྲུག་བརྒྱ་དྲུག་ཅུ་རེ་གཉིས།༽
ནད་པ་འདས་གྲོངས་སོང་བའི་གྲངས། ༥༠༨༠༥༥ ༼ལྔ་འབུམ་ཁྲི་མེད་བརྒྱད་སྟོང་བརྒྱ་མེད་ལྔ་བཅུ་ང་ལྔ།༽
གནས་ཚུལ་ཁུངས་བཅོལ། https://www.who.int/emergencies/diseases/novel-coronavirus-2019 Last update: 1 July 2020, 05:30 GMT+5:30
གཉིས་པ། བྱེ་བྲག་རྒྱ་བལ་འབྲུག་གསུམ་གྱིས་གཙོས་བཙན་བྱོལ་བོད་མིའི་ནང་གནས་སྟངས།
༢།༡ རྒྱ་གར་ནང་གི་གནས་སྟངས།
ཁྱོན་ནད་གཞི་ཕོག་པ་ར་འཕྲོད་བྱུང་བ་མི་གྲངས། ༦༠༤༦༤༡ ༼དྲུག་འབུམ་ཁྲི་མེད་བཞི་སྟོང་དྲུག་བརྒྱ་བཞི་བཅུ་ཞེ་གཅིག༽
དྲག་བསྐྱེད་བྱུང་བ་གྲངས། ༣༥༩༨༦༠ ༼གསུམ་འབུམ་ལྔ་ཁྲི་དགུ་སྟོང་བརྒྱད་བརྒྱ་དྲུག་ཅུ།༽
ནད་པ་འདས་གྲོངས་སོང་བ་གྲངས། ༡༧༨༣༤ ༼ཆིག་ཁྲི་བདུན་སྟོང་བརྒྱད་བརྒྱ་སུམ་ཅུ་སོ་བཞི།༽
ད་ལྟ་ནད་མནར་བཞིན་པ་གྲངས། ༢༢༦༩༤༧ ༼ཉིས་འབུམ་ཉི་ཁྲི་དྲུག་སྟོང་དགུ་བརྒྱ་བཞི་བཅུ་ཞེ་བདུན།༽
མངའ་སྡེ་གྲངས་ཇི་ཙམ་ལ་ཁྱབ་གདལ་སོང་བའི་གྲངས། ༣༥ ༼སུམ་ཅུ་སོ་ལྔ།༽
གནས་ཚུལ་ཁུངས་བཅོལ། https://www.mohfw.gov.in/ as on : 02 July 2020, 08:00 IST (GMT+5:30)
བོད་མི་འདུས་སྡོད་ཆེ་སའི་མངའ་ཁུལ་གྱི་གནས་སྟངས།
ཧི་མཱ་ཅལ། ༣༥༥ (Himachal – Total Cases – 979, Death- 10, Recovered-614, Active-355)
ལྡི་ལི། ༢༧༠༠༧ ལྷོ་ཕྱོགས་ཀར་ཎ་ཊ་ཀ། ༨༡༩༨ ཨོ་ཌི་ཤ། ༡༩༣༨ ལ་དྭགས། ༢༩༥ བཅས་རྒྱ་གར་ནང་ཚབས་ཆེ་ཤོས། ༡། མཱ་ཧཱ་རཤ་ཏྲ། ༧༩༠༩༡ ༢། ལྡི་ལི། ༢༧༠༠༧ ཏ་མིལ་ནཱ་ཌུ། ༣༩༨༥༩ ༤། གུ་ཇི་ར་ཏི། ༧༣༣༥ ད་ལྟ་ནད་གཞི་རྩད་གཅོད་བྱུང་ཞིང་ནད་མནར་བཞིིན་པའི་གྲངས།
གནས་ཚུལ་ཁུངས་བཅོལ། https://www.mygov.in/corona-data/covid19-statewise-status as on : 02 July 2020, 08:00 IST (GMT+5:30)
ནད་གཞི་ཡོད་མེད་བརྟག་དཔྱད་མི་གྲངས། རྒྱ་གར་ནང་ཁྱོན་མི་གྲངས། ༩༠༥༦༡༧༣ ༼ས་ཡ་དགུ་དང་ལྔ་ཁྲི་དྲུག་སྟོང་བརྒྱ་དང་བདུན་བཅུ་དོན་གསུམ། 9056173 TOTAL SAMPLES TESTED UP TO JULY 01, 2020༽ ལ་ད་བར་ནད་གཞི་ཡོད་མེད་བརྟག་དཔྱད་ཟིན། འདི་ཟླའི་ཚེས་ ༡ ཉིན་ཁྱོན་མི་གྲངས་༢༢༩༥༨༨༼ཉིས་འབུམ་ཉིས་ཁྲི་དགུ་སྟོང་ལྔ་བརྒྱ་བརྒྱད་བཅུ་གྱ་བརྒྱད། 229588 SAMPLES TESTED ON JULY 01, 2020༽ བརྟག་དཔྱད་བྱས་པ། https://www.icmr.gov.in/ རྒྱ་གར་ནང་ཁྱོན་གཞུང་དང་སྒེར་གྱི་བརྟག་དཔྱད་ཁང་བསྡོམས་གྲངས་ ༡༠༦༥ ཡོད་འདུག https://www.icmr.gov.in/pdf/covid/labs/COVID_Testing_Labs_01072020.pdf
༢།༢ བལ་ཡུལ་ནང་གི་ཡུལ་མིའི་གནས་སྟངས།
ཁྱོན་ནད་གཞི་རྩད་ཆོད་པ་མི་གྲངས། ༡༤༠༨༦ དྲག་བསྐྱེད་བྱུང་བ། ༤༦༥༦ འདས་གྲོངས་སོང་བ། ༣༠ ད་ལྟ་ནད་མནར་བཞིན་པ་མི་གྲངས། ༩༤༠༠ ཁྱོན་ནད་པ་བརྟག་དཔྱད་བྱས་པ་གྲངས། ༢༣༣༢༢༧ བཅས་ཀྱི་གནས་སྟངས།
གནས་ཚུལ་ཁུངས་བཅོལ། https://covidnepal.org/ As on 02nd July 2020, 10.00 am
༢།༣ འབྲུག་ནང་གི་ཡུལ་མིའི་གནས་སྟངས།
ཁྱོན་ནད་གཞི་རྩད་ཆོད་པ་མི་གྲངས། ༧༧ དྲག་བསྐྱེད་བྱུང་བ། ༤༨ འདས་གྲོངས་སོང་བ། ༠ ད་ལྟ་མནར་བཞིན་པ་ནད་པའི་གྲངས། ༢༩ བཅས་ཀྱི་གནས་སྟངས།
གནས་ཚུལ་ཁུངས་བཅོལ། https://www.gov.bt/covid19/ As on 02nd July 2020, 10.00 am
༢།༤ བཙན་བྱོལ་བོད་མིའི་གནས་སྟངས།
བདུན་ཕྲག་འདིའི་ནང་རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་ཏུ་ནད་གཞི་ཕོག་པ་ར་འཕྲོད་བྱུང་བ་མི་གྲངས་ ༡༡ བྱུང་།
དེ་ཡང་མོན་གྷོ་འདོད་རྒུ་གླིངབོད་མིའི་གཞིས་ཆགས་ནས་གྲངས་ ༨ ༼བུད་མེད་རང་ལོ་ ༡༧ རང་ལོ་ ༨༣ སྐྱེས་པ་རང་ལོ་ ༢༧ རང་ལོ་༣༧ རང་ལོ་ ༢༦ རང་ལོ་ ༥༡ རང་ལོ་ ༢༦ རང་ལོ་ ༡༢༽ ལ་ནད་གཞི་ཕོག་པ་རྩད་གཅོད་བྱུང་འདུག་ཅིང་ཁོང་རྣམས་ད་ཆ་ཀཱར་ཝཱར་ཀོ་ཝིཌ་སྨན་ཁང་ནང་ཡོད་འདུག སྦེལ་ཀོབ་བོད་མིའི་གཞིས་ཆགས་ནས་གྲངས་ ༡༼སྐྱེས་པ་རང་ལོ་ ༤༡༽ ནད་པ་ཁོང་ལ་དམིགས་བསལ་ནད་རྟགས་མེད་ཅིང་ད་ཆ་ཀོ་ཝིཌ་སྨན་ཁང་ནང་ཡོད། རྒྱ་གར་རྒྱལ་ས་ལྡི་ལི་ནས་གྲངས་ ༢ ༼བུད་མེད་རང་ལོ་ ༣༤ རང་ལོ་ ༢༤༽ ཁོང་གཉིས་ལ་ཁ་ཟས་བྲོ་བ་དང་དྲི་མ་ཁ་བ། ཚ་བ་ཅུང་འཕར་བ་སོགས་ནད་རྟགས་ཅུང་མངོན། ད་ཆ་ཁང་ཁྱིམ་ཟུར་བཀག་ཐོག་གནས་བཞིན་ཡོད།
ད་བར་ཁྱོན་རྒྱ་གར་དང་བལ་ཡུལ་ནང་བོད་མི་གྲངས་ ༥༣ ལ་ནད་གཞི་ཕོག་པ་ར་འཕྲོད་བྱུང་ཞིང་མི་གྲངས་ ༢ ཚེ་འདས་སོང་ཡོད་པ་དང་། མི་གྲངས་ ༢༥ དྲག་བསྐྱེད་བྱུང་ཡོད་པ་དང་། ད་ཆ་མི་གྲངས་ ༢༦ ནད་མནར་བཞིན་པཡོད། ནད་གཞི་ཕོག་པའི་མི་རྣམས་ལ་ས་གནས་འཕྲོད་བསྟེན་ཚོགས་ཆུང་དང་། དེ་བཞིན་བོད་མིའི་སྒྲིགམ་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་སེམས་ཁམས་འཕྲོད་བསྟེན་ཚན་པ་ནས་གནས་སྟངས་སོགས་ཞལ་པར་བརྒྱུད་རྒྱུས་ལོན་འབྲེལ་བ་གནང་བཞིན་ཡོད།
ཕྱི་རྒྱལ་གནས་བཞུགས་བོད་མིའི་གནས་སྟངས།
འདས་པའི་བདུན་ཕྲག་ནང་ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ལས་ཁང་ནས་དེ་གའི་ས་ཁུལ་དུ་བོད་མི་ནད་གཞི་ཕོག་པའི་མིང་ཐོ་དམིགས་བསལ་འབྱོར་མེད་པས་ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་དྲ་རྒྱའི་ཐོག་གསལ་བའི་གྲངས་ཐོ་དེ་རང་ཡིན།
བོད་མིའི་སྒྲིག་འཛུགས་དྲ་རྒྱ། https://tibet.net/covid-19/
བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲ་རྒྱ https://tibetanhealth.org/
གསུམ་པ། ལས་དོན་ཚོགས་ཆུང་གི་གྲུབ་ཐོན།
འགོག་དབྱེ་ཟུར་འཇོག་གི་གྲངས་ཐོ།
འཕྲོད་བསྟེན་ལས་ཁུངས་ཀྱི་གྲངས་ཐོ་ཚན་པའི་སྡེ་ཚན་ནས་གནས་ཚུལ་བསྡུས་པ་གཞིར་བཟུང་ད་ལྟའི་ཆར་རྒྱ་གར་ནང་ས་གནས་གྲངས་ ༣༤ དང་། བལ་ཡུལ་ནང་གི་ས་གནས་གྲངས་ ༤ ནང་ཁྱོན་བོད་མི་གྲངས་ ༡༠༡༧ ཏེ་མི་གྲངས་ ༦༣༡ རང་ཁྱིམ་དུ་ཟུར་བཀག་ངང་གནས་བཞིན་ཡོད་པ་དང་། མི་གྲངས་ ༣༨༦ བོད་མིའི་སྒྲིག་འཛུགས་ནས་མཐུན་རྐྱེན་སྦྱར་བའི་ཟུར་བཀག་ཁང་པའི་ནང་གནས་བཞིན་ཡོད། དེའི་ནང་ནས་རྡ་ས་ཁུལ་དུ་མི་གྲངས་ ༤༤ ཡོད་འདུག
དབུས་དང་ས་གནས་སུ་ནད་རྟགས་ཡོད་མེད་བརྟག་ཞིབ་ལས་རིམ།
རྡ་ས་ས་གནས་འགོ་འཛིན་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱིས་གཙོས་ཚོགས་སྡེ་སོ་སོས་འགན་འཁུར་བའི་ཐོག་བདུན་ཕྲག་འདིའི་ནང་མི་གྲངས་ ༡༧༧༣ ལ་ནད་རྟགས་ཡོད་མེད་ཚོགས་སྡེ་སོ་སོ་སྟེ་བོད་མིའི་སྒྲིག་འཛུགས་གི་ལས་ཁུངས་སོ་སོ་དང་། དེ་བཞིན་བོད་ཀྱི་དཔེ་མཛོད་ཁང་དང་། དབུས་བོད་ཀྱི་སྨན་རྩིས་ཁང་། གནས་ཆུང་དང་དགའ་གདོང་གྲྭ་ཚང་སོགས་ཚོགས་སྡེ་སོ་སོའི་ལས་བྱེད་ཀྱིས་འགན་འཁྱེར་བའི་ཐོག་ཚ་བ་ཡོད་མེད་སོགས་བརྟག་དཔྱད་གནང་ཞིང་དམིགས་བསལ་ནད་རྟགས་ཐོན་པ་བྱུང་མེད།
བདུན་ཕྲག་འདིའི་ནང་རྒྱ་གར་ནང་གི་ས་གནས་གྲངས་ ༣༥ ཁྱོན་མི་གྲངས་ ༦༨༩༡ ལ་ ༼ ལོ་ན་༦༠ ཡན་མི་གྲངས་ ༥༡༧༤ ཉེན་ཚབས་ཆེ་བ་མི་གྲངས་ ༡༧༡༧ ༽ ཞལ་པར་བརྒྱུད་ནད་རྟགས་ཡོད་མེད་བརྟག་དཔྱད་གནང་ཐུབ་པ་བྱུང་ཡོད། དེ་བཞིན་བོད་མི་ནད་གཞི་ཕོག་པ་རྣམས་ཀྱི་གྲངས་ཐོ་དང་ཡིག་ཆ་ཁག་བཅས་མཁོ་སྒྲུབ་གནང་བཞིན་ཡོད།
གསོ་རིག་ལུས་སེམས་ནུས་གསོའི་སྨན་དང་འབྲེལ་བ།
རྒྱ་གར་ནང་གི་ས་གནས་ཁག་ ༢༣ ནང་གི་འགོག་དབྱེ་ཟུར་འཇོག་ཁང་དུ་གནས་བཞུགས་བོད་མི་གྲངས་ ༡༡༠༤ དང་། ས་གནས་ཁག་ ༣༩ ནང་ལོ་ན་ ༦༥ ཡན་བོད་མི་གྲངས་ ༧༣༩༠ ལ་ད་བར་གསོ་རིག་ལུས་སེམས་ནུས་གསོའི་སྨན་རིན་མེད་ཐོག་བགོ་འགྲེམས་གནང་ཟིན་འདུག བལ་ཡུལ་ཁུལ་དུ་གྲངས་ ༡༢༠༠ བདུན་ཕྲག་འདིའི་ནང་ཨ་རི་ཁུལ་དུ་སྨན་ཐུམ་གྲངས་ ༢༥༢ གཞན་ཡང་འཕྲོད་ལས་པ་དང་དངས་ཞབས་གྲངས་ ༡༢༥ བླ་གཉན་ནད་གཞི་ཡོད་པ་མི་གྲངས་ ༤༢ བཅས་ཁྱོན་ད་བར་མི་གྲངས་ ༡༠༣༩༡ ལ་གསོ་རིག་ལུས་སེམས་ནུས་གསོའི་སྨན་འགྲེམས་སྤེལ་ཞུས་ཟིན།
ས་གནས་ལ་ནད་ཡམས་སྔོན་འགོག་ཆེད་ལས་དོན་སྤེལ་བ།
- འདི་ག་དབུས་ལས་ནས་ལམ་སྟོན་གནང་བ་བཞིན་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་སོ་སོའི་རྫོང་དེ་ཚོན་མདོག་དམར་རྟགས་ཅན་ནང་ཚུད་པ་རྣམས་ནས་བདུན་རེའི་ནང་གཞིས་ཆགས་ཕྱི་ནང་དང་མི་མང་འདུ་འཛོམས་ཆེ་སར་དུག་སེལ་མུ་མཐུད་གནང་བཞིན་ཡོད།
- བདུན་ཕྲག་འདིའི་ནང་རྡ་ས་ཁུལ་དུ་ཕྱི་མི་འབྱོར་བ་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་མི་གྲངས་ ༥༥ ལ་རྫོང་གི་སྨན་ཁང་གྱི་མཐུན་འགྱུར་འོག་ནད་གཞི་ཡོད་མེད་བརྟག་དཔྱད་བྱས་པས་མི་གྲངས་ ༥༥ སུ་ལའང་ནད་གཞི་ཕོག་མེད་པ་ར་འཕྲོད་བྱུང་ཡོད།
- སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བཙན་བྱོལ་བོད་མིའི་གཞིས་ཆགས་གྲངས་ ༣༠ ནང་འགོག་དབྱེ་ཟུར་འཇོག་དུ་བཞུགས་མཁན་མི་གྲངས་ ༡༢༣༠ ལས་མི་གྲངས་ ༡༠༧༠ ལ་ཁ་པར་ཐོག་འབྲེལ་བ་གནང་ནས་གནས་སྟངས་རྒྱུས་ལོན་དང་སློབ་གསོ་ལམ་སྟོན་གནང་ཡོད།
བཞི་པ། ཐུགས་སྣང་ལམ་སྟོན།
- སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་འགོག་དབྱེ་ཟུར་འཇོག་ཁང་དུ་ཉིན་གྲངས་ ༡༤ རིང་བཞུགས་དགོས་པའི་གལ་གནད་ཐོག་ལམ་སྟོན་དང་། དེ་བཞིན་ཏོག་དབྱིབས་གཉན་རིམས་ ༡༩ ནད་གཞིའི་ངོ་བོ་ཐོག་ལམ་སྟོན་གསུང་བཤད་གནང་།
- རྒྱ་གར་དབུས་ནང་སྲིད་ལས་ཁུངས་ནས་སྒོ་རྒྱ་རིམ་པ་གཉིས་པ་ཕྱེ་བའི་བཀོད་ཁྱབ་གཤམ་གསལ་དྲ་ཐག་ཐོག་གཟིགས་གནང་ཡོང་བ་ཞུ། https://static.mygov.in/rest/s3fs-public/mygov_159344900651307401.pdf
- ད་ཆ་འཛིན་རིམ་བཅུ་པ་དང་བཅུ་གཉིས་སློབ་མ་རང་ཁྱིམ་དུ་ཕྱིར་ལོག་བྱེད་བཞིན་ཡོད་པས་རྡ་ས་ཁུལ་དུ་ཆ་བཞག་ན་སེ་ལ་ཀུའི་སློབ་མ་གྲངས་ ༢༧ རྡ་སར་འབྱོར་ཡོད་པ་རྣམས་ད་ཆ་ཤེས་རབ་དགའ་ཚལ་སློབ་གླིང་དུ་འགོག་དབྱེ་ཟུར་འཇོག་ཏུ་བཞག་ཡོད་ཅིང་། དེ་བཞིན་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུའང་སློབ་ཕྲུག་ཕྱིར་ལོག་བྱེད་མཁན་རྣམས་འགོག་དབྱེ་ཟུར་འཇོག་ཁང་དུ་ངེས་པར་འཇོག་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན།
- ཕྱི་ཟླ་ ༧ ནས་དབྱར་ཁ་ཆར་དུས་འགོ་འཛུགས་ཀྱི་ཡོད་སྟབས་གནམ་གཤིས་ཚ་གྲང་འགྱུར་ལྡོག་གི་དུས་དང་། ལྷག་པར་རྒྱ་གར་ནང་ཆར་དུས་རྐྱེན་པས་རྒྱལ་ས་ཆེ་ཁག་ལྡི་ལི་ལྟ་བུར་དུག་སྦྲང་གི་གཉན་རིམས་ Dengue, Chikungunya ལ་སོགས་པའི་ནད་གཞི་ཕོག་ཉེན་ཤིན་ཏུ་ཆེ་ལ་ནད་གཞི་དེ་དག་གི་ནད་རྟགས་ཕལ་ཆེ་བ་ད་ལྟའི་ཏོག་དབྱིབས་གཉན་རིམས་དང་འདྲ་བས་མི་མང་ནས་ནད་གཞི་དེ་དག་སྔོན་འགོག་ཐུབ་རྒྱུའི་འབད་བརྩོན་དང་ཡིད་གཟབ་གནང་རྒྱུ་ཤིན་ཏུ་གལ་ཆེ།
- ཉེ་སྔོན་ཧོན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་ཕན་བདེ་སྨན་ཁང་དུ་དེ་གའི་སྨན་ཞབས་གསུམ་ལ་ Swap sample collection སྦྱོང་བརྡར་སྤྲད་ནས་ད་ཆ་ལས་འཁུར་ཞུ་བཞིན་ཡོད་པ་དང་། རྡ་ས་ཁུལ་དུའང་བདེ་ལེགས་སྨན་ཁང་གི་སྨན་པ་གསུམ་ལ་སྦྱོང་བརྡར་སྤྲོད་པའི་ཐོག་གང་མགྱོགས་ Swab sample collection འགོ་འཛུགས་བྱ་རྒྱུ་ཡིན་ཞིང་དེ་བཞིན་བོད་མིའི་འདུས་སྡོད་ཆེ་ཁག་གཞན་ལའང་དེ་ལྟར་ཡོང་མིན་དབུས་ནས་ལམ་སྟོན་གནང་བ་བཞིན་ས་གནས་ཁག་ཏུ་འབད་བརྩོན་བྱ་རྒྱུ་ཡིན།
- མཐའ་དོན་མི་མང་ལ་ཞུ་རྒྱུར། ནད་པར་མཐོང་ཆུང་དང་དབྱེ་འབྱེད་མ་གནང་བར་ནད་གཞི་སྔོན་འགོག་དང་ཁྱབ་གདལ་བཀག་འགོག་ལ་གདོང་ལེན་གནང་རོགས་ཞེས་ཞུ་བ་དང་སྦྲགས་གསར་འགོད་ཐེངས་བཅུ་བཞི་པ་དེ་མཇུག་སྒྲིལ། །