ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༢ རེས་གཟའ་ཕུར་བུ།
༄༅། །རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་ཀྱི་ལྷོ་སྤྱི་ལས་ཁུངས་ནས་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་དཀའ་ངལ་འཕྲད་བཞིན་པའི་ཁྱབ་ཁོངས་བོད་པའི་སློབ་ཕྲུག་དང་། ཚོང་པ་རྣམས་ལ་རྒྱབ་སྐྱོར་གནང་ཆེད་དྲྭ་ཐོག་བརྒྱུད་ཚོགས་འདུ་བསྐོང་ཚོགས་གནང་འདུག
དེ་ཡང་ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༢༥་་་༢༨ བར་ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས་ཀྱིས་ཀར་ན་ཊ་ཀ་མངའ་སྡེའི་ས་ཁུལ་སྦེང་ལོར་དང་། མེ་སོར། མེངྒ་ལོར། ཏ་མིལ་ན་ཌུ་མངའ་སྡེའི་ས་ཁུལ་ཅེན་ནའི་དང་། ཨུ་ཊི། ཀོ་ཌེ་ཀ་ནལ། ཏེ་ལན་གྷ་ན་མངའ་སྡེའི་གྲོང་ཁྱེར་ཧེ་དྷ་ར་བྷཌ། གཞན་ཡང་ས་གནས་ཨོ་རོ་ཝིལེ། སྤོན་ཌི་ཅི་རི། གྷོ་བ་བཅས་རྒྱ་གར་ལྷོ་ཕྱོགས་ས་ཁུལ་དུ་ཡོད་པའི་བོད་པའི་སློབ་ཕྲུག་དང་། ཆེད་ལས་པ། ཚོང་པ་བཅས་དང་མཉམ་དྲ་ཐོག་བརྒྱུད་ཚོགས་འདུ་ཚོགས་ཏེ་བོད་མི་དེ་དག་ལ་བོད་མིའི་སྒྲིག་འཛུགས་དཀའ་ཤག་ནས་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་དཀའ་ངལ་འོག་ལྷུང་བའི་བོད་མི་ཚོར་འཚོ་སྣོན་གཙོ་བོར་གྱུར་བའི་དཀའ་སེལ་རོགས་རམ་འདྲ་མིན་གནང་དང་གནང་མུས་ཡིན་པ་ངོ་སྤྲོད་གནང་བ་མ་ཟད། བོད་མི་དེ་དག་གི་དཀའ་ངལ་ཁག་ལ་གསན་ཞིབ་དང་། དཀའ་ངལ་སེལ་ཐབས་ཇི་དགེའི་སྐོར་ཕན་ཚུན་གོ་བསྡུར་སྦྱངས་བཤད་ལྷུག་པོ་གནང་འདུག
ཏོག་དབྱིབས་གཉན་རིམས་སྔོན་འགོག་ཆེད་མངའ་སྡེའི་གཞུང་ནས་ས་གནས་གཅིག་ནས་གཞན་ལ་འགྲོ་བསྐྱོད་བཀག་འགོག་གནང་བ་ཙམ་དུ་མ་ཟད། མི་གྲངས་ ༢༠ ལས་ལྷག་འདུ་འཛོམས་རིགས་ཆོག་གི་མེད་པར་བརྟེན། ལྷོ་སྤྱི་ལས་ཁུངས་ཁྱབ་ཁོངས་སྦེང་ལོར་གྲོང་ཁྱེར་ཕུད་གཞན་ས་གནས་ཁག་གི་བོད་མི་དང་མཉམ་དྲྭ་ཐོག་བརྒྱུད་ཚོགས་འདུ་དེ་ཚོགས་དགོས་བྱུང་ཡོད། འོན་ཀྱང་གྲོང་ཁྱེར་སྦེང་ལོར་དུ་ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས་ཀྱིས་གཙོ་སྐྱོང་འོག་གྲོང་ཁྱེར་དེར་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མ་མཐོ་སློབ་དང་། ས་གནས་སྨན་རྩིས་ཁང་། མཐོ་སློབ་སློབ་ཕྲུག ཚོང་པ་བཅས་ཀྱི་སྐུ་ཚབ་འཐུས་མི་དངོས་སུ་མཉམ་ཞུགས་ཐོག་ཚོགས་འདུ་ཚོགས་གནང་འདུག
ཚོགས་འདུའི་ཐོག་ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས་ཀྱིས་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཐུགས་འགན་གཙོ་བོ་བཞེས་ཏེ་ཉི་ཧོང་ནས་མངགས་གཏོང་གནང་བའི་ཁ་རས་སྤུས་ལེགས་གྲངས་ཁྲི་བཞི་འབྱོར་ཡོད་སྐོར་གསལ་བསྒྲགས་གནང་བ་དང་། ཁ་རས་དེ་དག་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ལྔ་དང་ཁྱབ་ཁོངས་ཁ་ཐོར་བོད་མི་ཚོར་བགོ་འགྲེམས་གནང་རྒྱུ་ཡིན་པ་གསུངས། ལྷོ་སྤྱི་ལས་ཁུངས་ནས་དྲ་ཐོག་ཚོགས་འདུ་དེ་ལྟ་བུ་མ་འོངས་པར་མུ་མཐུད་འཚོགས་གནང་རྒྱུ་ཡིན་པ་བཅས། །