ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡༤ རེས་གཟའ་མིག་དམར།
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕ་ཡུལ་འཕན་པོ་རྫོང་ལྕང་ར་ཤང་ནས་ཡིན་པ་ཆབ་སྲིད་བཙོན་ཟུར་བསམ་གྲུབ་བམ་ཆོས་མིང་དུ་འཕྲིན་ལས་ཆོས་ལྡན་ལགས་དེ་སྔ་འབྲས་སྤུངས་དགོན་པའི་བདེ་དབྱངས་ཁང་ཚན་ཀྱི་དགེ་འདུན་པ་ཡིན། ཕྱི་ལོ་ ༡༩༩༢ ཟླ་ ༥ ཚེས་ ༡༢ ཉིན་ལྷ་སར་དགེ་འདུན་པ་ ༡༦ ནས་ཞི་རྒོལ་གནང་བ་དེའི་ཁོངས་སུ་ཡོད། དེ་ནས་འཛིན་བཟུང་བྱུང་རྗེས་གྲྭ་བཞི་བཙོན་ཁང་དུ་ལོ་གསུམ་ཁྲིམས་ཐག་བཅད། ལོ་གསུམ་གྱི་དུས་བཀག་ཟིན་ཏེ་གློད་བཀྲོལ་ཐོབ་ཀྱང་སླར་འཛིན་བཟུང་བྱུང་ནས་ལོ་བཞི་ཡི་ཁྲིམས་ཐག་བཅད་འདུག
བར་སྐབས་ཞིག་ནས་ཁོང་ལ་གཅིན་སྙི་ཟ་ཁུའི་ནད་གཞི་བྱུང་བས་ད་ལོའི་ལོ་མགོར་ལྷ་ས་མི་མང་སྨན་ཁང་དུ་སྨན་བཅོས་གནང་ཡང་ནད་གཞི་དྲག་སྐྱེད་མ་བྱུང་བར་ཕྱི་ལོ་༢༠༢༠ ཟླ་ ༢ ཚེས་ ༡༧ ཉིན་བོད་ནང་གི་ཐོ་རེངས་ཆུ་ཚོད་ ༣།༡༥ ཙམ་ལ་དགོངས་པ་རྫོགས་འདུག དམ་པ་ཁོང་རང་ལོ་ ༥༠ ནང་ཡིན་འདུག
རྒྱ་ནག་གཞུང་གིས་བོད་མི་འཛིན་བཟུང་དང་བཙོན་འཇུག་བྱས་པ་རྣམས་ལ་སྡུག་སྦྱོང་མནར་གཅོད་འདྲ་མིན་སྣ་ཚོགས་གཏོང་བཞིན་ཡོད་པར་བརྟེན་ལུས་སེམས་མི་བདེ་བ་བཟོས་པ་དང་། དེ་མིན་ཉེས་བརྡུང་ཤུགས་ཆེ་བཏང་བར་བརྟེན་ནས་ལུས་ནད་གཅོང་དང་ཡན་ལག་སྐྱོན་ཅན་བཟོས་པ་སོགས་ལ་བརྟེན་ནས་གློ་བུར་དུ་འདས་གྲོངས་སོང་བའམ། ཡང་ན་བཙོན་ཁང་ནས་གློད་བཀྲོལ་ཐོབ་རྗེས་རང་ཁྱིམ་དུ་ལོག་ནས་ཉིན་ཤས་རྗེས་འདས་གྲོངས་སུ་གྱུར་བའི་གནས་ཚུལ་དེ་རིགས་ཡོང་བཞིན་ཡོད། ཉེས་བརྡུང་མནར་གཅོད་ཚད་ལས་བརྒལ་བ་བཏང་རྗེས་བཙོན་ཁང་དང་ཉེན་རྟོག་ལས་ཁུངས་སུ་འདས་གྲོངས་སུ་གྱུར་བ་ཡིན་ན་ཉེན་རྟོག་པ་ཚོར་མིང་རྗེས་ངན་པ་ཕོག་རྒྱུར་དོགས་ནས་ནད་གཅོང་བཟོས་རྗེས་རང་ཁྱིམ་དུ་གློད་བཀྲོལ་བཏང་དང་གཏོང་བཞིན་ཡོད། །