ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡༡ རེས་གཟའ་ཕུར་བུ།
༄༅། །སྦར་སེལ་དུ་ཡུ་རོབ་སྤྱི་མཐུན་ཚོགས་པའི་ཕྱི་འབྲེལ་ལྷན་ཁང་ནས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༩ ཉིན་སྦར་སེལ་ནང་ཡུ་རོབ་སྤྱི་མཐུན་ཚོགས་པའི་ཕྱི་འབྲེལ་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་སྐུ་ཞབས་ Josep Borrell མཆོག་གིས་རྒྱ་ནག་གི་འབྲེལ་ཡོད་འགོ་ཁྲིད་ Wang Li དང་ལྷན་དྲ་ལམ་བརྒྱུད་བོད་དོན་གླེང་སློང་ཤུགས་ཆེ་གནང་ཡོད་སྐོར་འཁོད་འདུག
འགོ་ཁྲིད་གཉིས་པོས་བགྲོ་གླེང་གནང་བའི་དགོས་དམིགས་གཙོ་བོ་ནི། འབྱུང་འགྱུར་ཡུ་རོབ་སྤྱི་མཐུན་ཚོགས་པ་དང་རྒྱ་ནག་དབར་ཚོགས་ཆེན་བསྐོང་ཚོགས་བྱ་གཏན་འཁེལ་བར་བརྟེན་ཐེངས་འདིར་སྟ་གོན་གྱི་ཚུལ་དུ་དྲ་ལམ་བརྒྱུད་བགྲོ་གླེང་ལྷན་ཚོགས་ཐེངས་མ་བཅུ་པ་དེ་གོ་སྒྲིག་བྱས་འདུག སྤྱིར་ཁོང་གིས་རྒྱ་ནག་འགོ་ཁྲིད་ཝང་དང་ལྷན་བོད་དོན་སྐོར་བཀའ་མོལ་འདི་དང་འདི་ཞེས་ཞིབ་ཕྲ་གསལ་བཤད་མ་གནང་ཡང་། ཁོང་ཡུ་རོབ་སྤྱི་མཐུན་ཚོགས་པའི་ཕྱི་འབྲེལ་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་ཞིག་ཡིན་སྟབས། ཡུ་རོབ་གྲོས་ཚོགས་ཀྱིས་རྒྱུན་དུ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་ཆོས་དད་རང་དབང་སོགས་ཀྱི་ཐོག་ལ་ཐུགས་སྣང་ཆེན་པོ་དང་རྒྱབ་སྐྱོར་ཤུགས་ཆེ་གནང་བཞིན་ཡོད་སྟབས། ཐེངས་འདིར་གནད་དོན་དེ་དག་སྐོར་བཀའ་མ་གནང་བ་ནི་བཀའ་མོལ་ཡོང་ཤེས་ཐབས་མེད་པ་ཞིག་ཡིན་པ་སྦར་སེལ་དོན་ཁང་ནས་གདེང་སྤོབས་ཆེན་པོས་ཡིད་ཆེས་གནང་བཞིན་འདུག
འདས་པའི་དུས་སྐབས་སུའང་ཡུ་རོབ་གྲོས་ཚོགས་ཀྱིས་རྒྱ་ནག་དང་བགྲོ་གླེང་གནང་བའམ་ཡང་ན་རྒྱལ་ཁབ་གཞན་དང་ལྷན་བགྲོ་གླེང་གནང་སྐབས་གོང་གི་གནད་དོན་ཐོག་ཡུ་རོབ་གྲོས་ཚོགས་ལ་སེམས་འཚབ་ཆེན་པོ་ཡོད་པ་ཡང་ཡང་གསུང་མྱོང་ཡོད། ལྷག་པར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནང་དུའང་ཡུ་རོབ་གྲོས་ཚོགས་ཀྱི་སྐུ་ཚབ་འཐུས་མིས་བོད་དོན་གླེང་སློང་ཤུགས་ཆེ་བསྟུད་མར་གནང་ཡོད། རྒྱ་ནག་འགོ་ཁྲིད་ཚོ་དང་གླེང་སློང་སྐབས་སུའང་ཡུ་རོབ་སྤྱི་མཐུན་ཚོགས་པའི་ངོས་ནས་འཛེམ་ཟོན་སྤངས་ཏེ་རྒྱ་ནག་འགོ་ཁྲིད་དང་ཐད་ཀར་གདོང་གཏུག་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྤྱི་དང་། ལྷག་པར་༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ཐག་གཅོད་ཞུ་རྒྱུའི་བདག་དབང་ཡོངས་རྫོགས་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་པ་ཚོར་སྤྲོད་དགོས་པའི་འབོད་སྐུལ་གནང་མྱོང་ཡོད། གཞན་ཡང་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ད་ལྟ་གང་དུ་ཡོད་མེད་སོགས་ཀྱི་འདྲི་རྩད་ཀྱང་གནང་བ་མ་ཟད། ཆུང་སྲིད་རིན་པོ་ཆེ་མཆོག་མཇལ་འཕྲད་ཞུ་རྒྱུའི་གོ་སྐབས་གནང་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་མྱོང་ཡོད། དེ་བཞིན་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཆེད་སྒེར་གྱི་ལས་འགུལ་སྤེལ་མཁན་བོད་མི་བཀྲ་ཤིས་དབང་ཕྱུག་གི་གནས་སྟངས་སྐོར་འདྲི་རྩད་གནང་མྱོང་ཡོད། དེར་བརྟེན་ཐེངས་འདིར་ཡང་གནད་དོན་དེ་དག་སྐོར་ངེས་པར་དུ་གླེང་སློང་གནང་ཡོད་པ་སྦར་སེལ་སྐུ་ཚབ་དོན་ཁང་གིས་ཡིད་ཆེས་ཆེན་པོ་ཞུ་བཞིན་འདུག་པ་བཅས།།