ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༩ རེས་གཟའ་མིག་དམར།
༄༅། །རྒྱུད་སྨད་མཁན་ཟུར་བཀྲ་ཤིས་ཚེ་རིང་མཆོག་ལ་ཨོ་གླིང་གཞུང་གིས་ཆེ་བསྟོད་གཟེངས་རྟགས་ཤིག་གནང་གཏན་འཁེལ་འདུག ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༩ ཉིན། སེར་བྱེས་ཏྲེ་ཧོར་རྒྱུད་སྨད་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བཀྲ་ཤིས་ཚེ་རིང་མཆོག་གིས་ཨོ་སི་ཊི་ལི་ཡའི་མི་མང་ལ་ནང་ཆོས་དང་ཤེས་ཡོན་ཐོག་ཞབས་འདེགས་ཞུས་དང་ཞུ་བཞིན་པར་བརྟེན། ཡུལ་དེའི་སྲིད་གཞུང་ནས་དེར་ངོས་འཛིན་གྱིས་མཁན་ཟུར་རིན་པོ་ཆེ་མཆོག་ལ་ཡུལ་དེའི་སྤྱི་འབངས་གཟེངས་རྟགས་ (order of Australia medal) ཞེས་པ་གནང་གཏན་འཁེལ་འདུག
སྤྱིར་ཐེངས་འདིར་བོད་མི་ཞིག་ལ་གཟེངས་རྟགས་དེ་ལྟར་ཐོབ་པ་ཐེངས་གཉིས་པ་ཆགས་འདུག དེ་སྔ་རྣམ་རྒྱལ་ཚེ་རིང་མཆོག་ལའང་གཟེངས་རྟགས་དེ་གནང་ཟིན་འདུག་པ་དང་གཟེངས་རྟགས་དེ་བཞིན་ཨོ་གླིང་གཞུང་གིས་མི་སྣ་བྱས་རྗེས་ཅན་དང་གཞན་ཕན་གྱི་ལས་སྒྲུབ་མཁན་ཨོ་གླིང་མི་སེར་ཡིན་མིན་ཁྱད་མེད་ཐོག་འབུལ་སྲོལ་ཡོད་འདུག་པ་བཅས། །