ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡༨ རེས་གཟའ་ཕུར་བུ།
༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་གྱ་ལྔ་ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་ཉིན་མོ་དང་བསྟུན། ཨིན་ཡུལ་སྐུ་ཚབ་དོན་གཅོད་ཁང་གི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༦ ཉིན་དྲ་རྒྱ་བརྒྱུད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་དང་། ཡང་དག་པའི་དབུ་ཁྲིད་སྐོར་བགྲོ་གླེང་ཐད་གཏོང་གནང་གཏན་འཁེལ་ཡོད།
དེ་ཡང་སྐྱབས་རྗེ་ཡོངས་འཛིན་གླིང་རིན་པོ་ཆེ་མཆོག་གིས་མགོན་པོ་གང་ཉིད་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་དང་། བཀའ་ཟུར་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་ལགས་ཀྱིས་ཡང་དག་པའི་དབུ་ཁྲིད། སྐུ་ཞབས་རི་ཆཌ་མོར་ Richard Moore ལགས་ཀྱིས་བཟོད་སྒོམ་དང་བྱམས་བརྩེ་བཅས་ཀྱི་སྐོར་སྐར་མ་ ༡༥ རིང་བགྲོ་གླེང་གནང་རྒྱུ་དང་། དེ་རྗེས་བགྲོ་གླེང་གཟིགས་མཁན་ཡོངས་ལ་དྲི་བ་དྲིས་ལན་གྱི་གོ་སྐབས་གནང་རྒྱུ་ཡིན་པ་རེད།
ཨིན་ཡུལ་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་ཀྱིས་ཐེངས་འདིའི་བགྲོ་གླེང་དང་འབྲེལ་བའི་སྐོར་གསུང་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་སྲུང་བརྩི་ཞུ་རྒྱུ་ཡག་ཤོས་ནི། མགོན་པོ་གང་ཉིད་མཆོག་གི་བཀའ་སློབ་ཉན་རྒྱུ་དང་འགྲོ་བ་མིའི་བདེ་སྡུག་སླད་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་གོ་རྟོགས་རྒྱ་ཆེ་སྤེལ་རྒྱུ་དེ་རེད་། ཅེས་དང་། ལྷག་པར་རྩོད་རྙོག་དང་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་འཛམ་གླིང་ནང་མི་མང་པོས་དཀའ་སྡུག་མྱོང་བཞིན་པའི་སྐབས་འདིར། གཞི་རྩའི་ཆ་ནས་འགྲོ་བ་མི་ཚང་མ་ལུས་སེམས་དང་མྱོང་ཚོར་གྱི་ཆ་ནས་གཅིག་གྱུར་ཡིན་པའི་འདུ་ཤེས་འཛིན་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས། ཕར་སི་བསོད་ནམས་ཚེ་རིང་ལགས་ཀྱིས་བགྲོ་གླེང་གཙོ་སྐྱོང་གནང་རྒྱུ་ཡིན་པ་བཅས། །