ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡༢ རེས་གཟའ་པ་སངས།
༄༅། །འདི་གར་ཤེསརིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་བསྐོ་འཛུགས་གནང་བའི་ཨིན་ཇིའི་བསླབ་གཞི་རྩ་འཛིན་བཟོ་འགོད་ཚོགས་ཆུང་ནས་རིང་མིན་བོད་ཀྱི་དྲ་བརྙན་བརྒྱུད་དྲ་ཐོག་སློབ་ཁྲིད་གནང་འཆར་ཡོད་པ་རེད།
དེ་ཡང་ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༩ ཉིན་ཨིན་ཇིའི་བསླབ་གཞི་རྩ་འཛིན་བཟོ་འགོད་ཚོགས་ཆུང་གི་སློབ་སྟོན་པ་དཔལ་ལྡན་ཤེས་རིག་བཀའ་བློན་འབུམ་རམས་པ་པདྨ་དབྱངས་ཅན་མཆོག་དང་། ཚོགས་མི་དྷ་ས་བོད་ཁྱིམ་གྱི་དགེ་རྒན་ཁྱད་ལས་ཡར་རྒྱས་སློབ་སྟོན་པ་ཟུར་པ་བསྟན་འཛིན་དར་རྒྱས་ལགས། སཾ་བྷོ་ཊའི་ཨིན་ཇིའི་རྒྱུས་སྟོན་པ་བསྟན་འཛིན་ཆོས་སྒྲོན་ལགས་བཅས་ཤེས་རིག་ལས་ཁུངས་སུ་ཚང་འཛོམས་ཀྱིས། རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་དབང་གིས་སློབ་གྲྭ་ཁག་སྒོ་རྒྱག་དགོས་བྱུང་བའི་དུས་སྐབས་འདིར། ཉེ་སྔོན་བསྐྱར་ཞིབ་བགྱིས་པའི་ཨིན་ཇིའི་བསླབ་གཞི་རྩ་འཛིན་གྱི་ཟིན་བྲིས་དགོངས་དོན་བཞིན་ཨིན་ཇིའི་སློབ་ཁྲིད་གནང་ཕྱོགས་ཇི་དགེའི་སྐོར་གྱི་སྔོན་འགྲོའི་ཚོགས་འདུ་ཞིག་ཚོགས་ཡོད་པ་རེད། དེ་བཞིན་ཕྱི་ཚེས་ ༡༠ ཉིན་གྱི་ཕྱི་དྲོ་གོང་གསལ་སློབ་སྟོན་པ་དང་ཚོགས་མི་རྣམས་དང་ལྷན་དུ་ཚོགས་ཆུང་གི་ཚོགས་གཙོ་ནུ་པ་བསྟན་འཛིན་འཆི་མེད་ལགས་མཉམ་ཞུགས་ཀྱིས་དྲ་ཐོག་ཚོགས་འདུ་ཞིག་བསྐོང་ཚོགས་གནང་ཡོད།
ཚོགས་འདུའི་ཐོག་བཀའ་བསྡུར་ཞིབ་ཕྲ་བྱུང་དོན་བཞིན། ཕྱི་ལོ་ ༢༠༢༠ ཟླ་ ༦ ཟླ་མཇུག་ནས་འགོ་འཛུགས་ཀྱིས་ཟླ་བ་གཉིས་རིང་ཚོགས་ཆུང་གི་སློབ་སྟོན་པ་དང་ཚོགས་གཙོ་རྣམ་གཉིས་ནས་ལམ་སྟོན་གནང་རྒྱུ་དང་། ཚོགས་མི་རྒན་བསྟན་འཛིན་དར་རྒྱས་ལགས་དང་རྒན་བསྟན་འཛིན་ཆོས་སྒྲོན་ལགས་རྣམ་གཉིས་ནས་དངོས་སུ་བོད་ཀྱི་དྲ་བརྙན་བརྒྱུད་ཐད་གཏོང་སློབ་ཁྲིད་གནང་གཏན་འཁེལ་ཡོད་པ་རེད།
ད་ལྟའི་ཆར་སློབ་གྲྭ་ཁག་གི་རྒན་ལགས་རྣམ་པས་རང་ཁྱིམ་ནས་སློབ་ཚན་ཁག་དྲ་ལམ་བརྒྱུད་སློབ་ཁྲིད་བྱེད་མུས་ཡིན་ཡང་། ཐེངས་འདིར་གཙོ་བོ་སློབ་མའི་སྐད་ཡིག་གི་རྩལ་གོང་མཐོར་གཏོང་ཆེད་དམིགས་པ་ཞིག་ཡིན་སྟབས་རིམ་པ་མཐོ་དམའ་གཉིས་ཀྱི་སྒོ་ནས་སློབ་ཁྲིད་གནང་རྒྱུ་ཡིན། དེ་ཡང་འཛིན་རིམ་ལྔ་པ་དང་དྲུག་པའི་སློབ་མ་ཚོར་རིམ་པ་དམའ་བ་དང་། འཛིན་རིམ་བདུན་པ་དང་བརྒྱད་པའི་སློབ་མ་ཚོར་རིམ་པ་མཐོ་བ་བཅས་ཀྱི་སྒོ་ནས་སློབ་ཁྲིད་གནང་འཆར་ཡོད་པ་རེད།
རྒན་ལགས་རྣམ་གཉིས་ནས་གཟའ་འཁོར་རེའི་རེས་གཟའ་ཟླ་བ་དང་མིག་དམར་གཉིས་སློབ་ཁྲིད་གནང་རྒྱུ་ཡིན་ཡང་། ཞིབ་ཕྲའི་དུས་ཚོད་རེའུ་མིག་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་རྗེས་སོར་འགོད་སྤེལ་ཞུ་རྒྱུ་ཡིན་པ་བཅས། །