༢༠༢༠ ཟླ་ ༦ ཚེས་ ༡༢ རེས་གཟའ་པ་སངས།
༄༅། །རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་འཛམ་གླིང་ས་ཕྱོགས་གང་སར་ཁྱབ་གདལ་ཇེ་ཆེར་འགྲོ་བཞིན་པའི་སྐབས་འདིར་སྦེལ་ཇམ་བོད་མི་རྣམས་ཀྱིས་ཡུལ་དེའི་གྲོང་ཁྱེར་ཨེན་ཝབ་ཀྱི་སྨན་ཁང་དང་སྨན་གྱི་མཐོ་སློབ་ཞིག་ཏུ་ཛ་དྲག་ངལ་སེལ་ལས་གཞིར་ཞལ་འདེབས་ཡུ་རོ་ ༧༩༠༨།༠༠ ཕུལ་འདུག དེ་ཡང་ཕྱི་ཚེས་ ༥ ཉིན་བོད་རིགས་ཚོགས་པའི་ཚོགས་གཙོ་ཕུར་བུ་དོན་གྲུབ་ལགས་ཀྱིས་སྣེ་ཁྲིད་དེ་གྲོང་ཁྱེར་ཨེན་ཝབ་ཀྱི་སྨན་ཁང་ཞིག་University Hospital Antwerp ལ་ཡུ་རོ་ ༥༡༡༣།༠༠ ཕུལ་བ་དང་།
སྐབས་དེར་ཚོགས་གཞོན་བློ་བཟང་བསྟན་པ་ལགས་དང་། ངག་དབང་དཔལ་ལྡན་ལགས། བློ་བཟང་དབང་པོ་ལགས་བཅས་ཕེབས་འདུག ཐེངས་འདིར་སྦེལ་ཇམ་ཁུལ་གནས་སྡོད་བོད་མི་ཁྱིམ་ཚང་ ༡༡༣ ནས་ཞལ་འདེབས་བསྡུ་རུབ་གནང་བ་ཞིག་ཡིན་འདུག སྤྱིར་དེ་སྔོན་ཕྱི་ཟླ་ ༥ ནང་Leuven ནང་གི་བོད་མི་ཚོས་ངལ་སེལ་ཞལ་འདེབས་ཡུ་རོ་ ༢༧༩༥།༠༠ ཕུལ་འདུག གནས་ཚུལ་དེ་དག་ས་གནས་གསར་ཤོག་ཁག་འདྲ་མིན་ནང་འདོན་སྤེལ་གནང་འདུག རྒྱ་གར་ལྟར་ཡུལ་དེར་སྲིད་བློན་དང་སྲིད་འཛིན་ངལ་སེལ་ཐེབས་རྩ་ཟེར་བ་དེ་འདྲ་མེད་སྟབས་བོད་མི་ཚོས་ཞལ་འདེབས་རྣམས་གཞུང་འབྲེལ་མིན་པའི་ཚོགས་པ་བརྒྱུད་ནས་གནང་བཞིན་ཡོད། སྦར་སེལ་དོན་ཁང་གི་ལས་བྱེད་གསུམ་ནས་ཉིན་གཅིག་གི་གླ་ཕོག་དོད་དེ་སྦེལ་ཇམ་རྒྱ་གྲམ་དམར་པོར་Red Cross ངལ་སེལ་ལས་གཞིའི་ཆེད་ཕུལ་འདུག་པ་བཅས།།