ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡༢ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༥ ཉིན་སྤྱི་ནོར་༸གོང་ས་༸ སྐྱབས་མགོན་ཆེན་པོ་མཆོག་གིས་སོག་པོ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ཨུ་ལན་བྷ་དྷར་དུ་ས་ག་ཟླ་བའི་ཚེས་བཅོ་ལྔའི་དུས་དྲན་སྲུང་རྩིའི་སྐབས། རྒྱ་གར་ཧི་མཱ་ཅལ་མངའ་སྡེའི་ཀངྐ་ར་རྫོང་ཁོངས་བཞུགས་སྒར་རྡ་སའི་༸རྒྱལ་བའི་གཟིམ་ཆུང་ནས་བཀའ་སློབ་སྩལ་དོན། དེ་རིང་སོག་པོའི་རྒྱལ་སར་རྒྱལ་སྤྱིའི་ནང་པའི་ཆོས་ཚོགས་ཀྱི་ཚོགས་ཆེན་འཚོགས་གནང་གི་ཡོད་པ་རེད། རྣམ་པ་ཚོ་ཚང་མར་འཚམས་འདྲི་ཡོད། ཆེན་པོ་ཧོར་གྱི་ཡུལ་ཞེས་སོག་པོ་རང་བཙན་གྱི་རྒྱལ་ཁབ་ཙམ་མིན་པར་ནང་སོག་དང་། བྷུར་ཡ་ཏི། ཐུ་ཝ་སོགས་སོག་རིགས་ཀྱི་ཡུལ་ཁམས་རྒྱ་ཆེན་པོ་ཞིག་ཆགས་ཡོད་པ་དེ་དག་ཕ་མེས་ནས་ནང་པའི་ཆོས་ལ་དམིགས་བསལ་དོ་སྣང་བྱས་ནས་མཁས་དབང་མང་པོ་ཐོན་ཡོད་པ་མ་ཟད། དངོས་འབྲེལ་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། ལྷག་པར་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ལ་སོག་པོའི་མཁས་དབང་མང་པོ་ཞིག་གིས་བསྟན་པའི་ཞབས་འདེགས་རླབས་པོ་ཆེ་བསྒྲུབས་ཡོད། བཅོམ་ལྡན་འདས་ཀྱིས་ངའི་བསྟན་པ་འདི་བྱང་ནས་བྱང་དུ་དར་གྱི་རེད། ཅེས་གསུང་ཡོད། དེའི་གོ་བ་ནི། རྒྱ་གར་གྱི་བྱང་བོད་དང་། དེའི་བྱང་ཧོར་གྱི་ཡུལ་དེ་དག་རྩི་བཞིན་ཡོད་པ་རེད། ཧོར་ཡུལ་དེ་དག་གིས་སངས་རྒྱས་ཀྱི་བསྟན་པར་ཞབས་འདེགས་རླབས་པོ་ཆེ་བསྒྲུབས་ཡོད། དཔེར་ན། དུས་ཕྱིས་སུ་སོག་པོ་དཔལ་ལྡན་ཆོས་རྗེ་བསམ་གྱི་མི་ཁྱབ་པའི་མཁས་པ་རེད།
ངོས་ཀྱི་དྲན་ཐོག་ལ་ཆ་བཞག་ནའང་སྒོ་མང་དགེ་བཤེས་མང་ཆེ་བ་སོག་པོ་རེད། དེ་བཞིན་སེ་ར་བྱེས་ཀྱི་དགེ་བཤེས་མང་དག་ཅིག་སོག་པོ་རེད། དེར་བརྟེན་སྔར་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། ལྷག་པར་འཇམ་མགོན་བླ་མའི་བསྟན་པར་བྱས་རྗེས་ཆེན་པོ་བཞག་གནང་བ་དེ་ལྟར་རེད། ངོས་ཀྱི་དགེ་རྒན་དངོས་གྲུབ་ཚོགས་གཉིས་ལ་ཆ་བཞག་ནའང་སོག་པོ་ནང་སོག་ནས་ཕེབས་པ་རེད། གང་ལྟར་སྔར་སངས་རྒྱས་ཀྱི་བསྟན་པར་བྱ་བ་ཆེན་པོ་བྱེད་རྒྱུ་བྱུང་ཡོད། ད་ལྟའི་དུས་སུ་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། ལྷག་པར་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ལ་ང་ཚོས་སློབ་གཉེར་བརྒྱབ་ནས་ཉམས་ལེན་བྱེད་བཞིན་པའི་ནཱ་ལེནྡྲའི་ཆོས་བརྒྱུད་འདི་འཛམ་གླིང་སྤྱི་ལ་དོ་སྣང་གསར་པ་ཞིག་སླེབ་རྒྱུའི་དུས་ལ་སླེབས་ཡོད། དེ་སྔ་ཡིན་ན་བོད་སོག་གི་ཡུལ་གྲུ་ཁག་མ་གཏོགས་ཕྱི་ལ་གང་ཡང་མེད། འོན་ཀྱང་དེང་སྐབས་འཛམ་གླིང་ནུབ་ཕྱོགས་དང་ཤར་ཕྱོགས་རྒྱལ་ཁབ་ཁག་ཏུའང་བོད་ཀྱི་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་དེ་ལ་དོ་སྣང་གསར་པ་ཞིག་སླེབ་བཞིན་ཡོད། དེར་བརྟེན་དེ་རིང་ནང་པའི་ཆོས་ཚོགས་ཚོགས་ཏེ་ཕྱིན་ཆད་སངས་རྒྱས་ཀྱི་བསྟན་པ་བཤད་སྒྲུབ་ཟུང་སྦྲེལ་ཐོག་ནས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་དང་། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། ། ཞེས་མཁས་མཆོག་དབྱིགས་གཉེན་གྱིས་གསུངས་པ་ནང་བཞིན་སངས་རྒྱས་ཀྱི་བསྟན་པར་ལུང་གི་བསྟན་པ་དང་རྟོགས་པའི་བསྟན་པ་བཅས་གཉིས་ཡོད་པ་རེད།
དེ་འདྲའི་བསྟན་པ་གཉིས་པོ་འདི་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུ་བཤད་པ་དང་སྒྲུབ་པ་གཉིས་ཀྱི་ཐོག་ནས་འཛིན་དགོས་པ་མ་གཏོགས་དེ་ལས་ལོགས་སུ་བསྟན་པ་འཛིན་སྐྱོང་བྱེད་སྟངས་གང་ཡང་མེད་ཅེས་གསུངས་པ་འདི་བདེན་པ་རེད། དེར་བརྟེན་སོག་པོའི་ཆོས་གྲོགས་ཚོས་བསླབ་པ་སློབ་གཉེར་བྱེད་དགོས། ད་ཆ་ཁྱེད་རང་ཚོས་གང་ཡོང་ཅི་ཡོང་བྱེད་བཞིན་ཡོད། གྲྭ་རྒྱུན་མང་དག་ཅིག་རྒྱ་གར་ནང་ཡོད་པ་དེ་དག་གིས་སློབ་གཉེར་ཧ་ཅང་ཡག་པོ་བྱེད་ཀྱི་འདུག ནང་ཆོས་བྱེད་དང་མི་བྱེད་སོ་སོའི་རང་དབང་རེད། ནང་ཆོས་ཀྱི་ལྟ་གྲུབ་དེ་དག་ཤེས་བྱའི་འདུ་ཤེས་སུ་བཞག་ནས་བསླབ་པ་ཡིན་ན་ཏན་ཏན་ཕན་ཐོགས་ཡོང་གི་རེད། དེར་བརྟེན་ཧོར་གྱི་ཡུལ་ཁག་གི་སློབ་གྲྭ་ཚོའི་ནང་དུའང་བློ་རིག་དང་རྟགས་རིག་སོགས་འཁྲིད་ཐུབ་ན་ཕན་ཐོགས་ཏན་ཏན་ཡོང་གི་རེད། འདིར་རྒྱ་གར་ནང་ང་ཚོའི་སློབ་གྲྭ་ཁག་གི་ནང་བློ་རིག་དང་རྟགས་རིག་འཁྲིད་ཀྱི་ཡོད་པ་རེད། མི་ཚེ་བསྐྱལ་རྒྱུར་ཕན་ཐོགས་ཡོང་གི་རེད། ཧོར་གྱི་ཡུལ་གྲུ་ཁག་ཚོས་རིམ་པས་ཨེ་ཤི་ཡའི་ལུང་པའི་ནང་མིའི་ཤེས་ཡོན་ཡར་རྒྱས་གཏོང་བར་ཞབས་འདེགས་ངེས་པར་དུ་སྒྲུབ་ཐུབ་པ་ངོས་ཀྱིས་མཐོང་གི་འདུག
དེར་བརྟེན་དེ་རིང་ཁྱེད་རང་ཚོས་ཚོགས་ཆེན་འཚོགས་པའི་སྐབས་མ་འོངས་པར་ད་ལྟ་ཡོད་བཞིན་པ་འདི་མུ་མཐུད་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུ་དང་། མ་འོངས་པར་ནང་པའི་ཡུལ་གྲུ་ཁག་གིས་ང་ཚོའི་ཤེས་ཡོན་འདི་འཛམ་གླིང་སྤྱི་ལ་ཕན་ཐོགས་ཇི་ཙམ་བྱེད་ཐུབ་པ་འདུག དེ་བཞིན་ཨུ་རུ་སུའི་ནང་དུ་ནང་ཆོས་ལ་དོ་སྣང་བྱེད་མཁན་གང་ཙམ་ཤུགས་ཆེན་པོ་ཡོད་པའི་བཟོ་འདྲ་ཞིག་འདུག རྒྱ་ནག་ནང་ཆ་བཞག་ནའང་དེང་སྐབས་རྒྱ་ནག་ནི་འཛམ་གླིང་ནང་གི་ནང་པ་མང་ཤོས་ཡོད་པའི་རྒྱལ་ཁབ་ཅིག་ཆགས་ཡོད། དེ་དག་གི་ནང་དུའང་ཁྱེད་རང་ཚོས་ཞབས་འདེགས་བསྒྲུབ་རྒྱུའི་གོ་སྐབས་ཏན་ཏན་ཡོད་པ་རེད། དེ་ནས་ཉི་འོང་དང་ཝེཏ་ནམ། ཀོ་རི་ཡ་དེ་ཚོའི་གྲས་ང་ཚོ་དང་ཆོས་བརྒྱུད་གཅིག་པ་ཆགས་ཡོད། ནཱ་ལེནྡྲའི་ཆོས་བརྒྱུད་འཛིན་མཁན་གཅིག་པ་ཆགས་ཡོད།
འོན་ཀྱང་དེ་དག་གིས་གཞུང་ཆེན་སློབ་གཉེར་བརྒྱག་རྒྱུར་དམིགས་བསལ་དོ་སྣང་དེ་ཙམ་མེད་པའི་བཟོ་འདྲ་ཞིག་འདུག རིམ་པས་ཡར་རྒྱས་འགྲོ་རྒྱུ་ཏན་ཏན་ཡོད་པ་རེད། དེ་དག་གི་ཐོག་ཁྱེད་རང་ཚོས་ཏན་ཏན་ཞབས་འདེགས་སྒྲུབ་ཐུབ་པའི་གོ་སྐབས་ཡོད། གོང་དུ་ཞུས་པ་ནང་བཞིན་རྒྱ་ནག་ལ་ཆ་བཞག་ནའང་ནང་པ་འབོར་ཆེ་ཤོས་ཡོད་པའི་ལུང་པ་ཞིག་ཆགས་ཡོད་སྟབས། དེ་དག་ལ་ཁྱེད་རང་ཚོས་སངས་རྒྱས་ཀྱི་བསྟན་པ་སློབ་ཁྲིད་བྱེད་རྒྱུར་གོ་སྐབས་ཏན་ཏན་ཡོད་པ་རེད། དེ་བཞིན་ཐེ་ལེནྜི་Thailand དང་འབར་མ། Burma སིན་ཧ་ལ་ Sri Lanka དེ་དག་པཱ་ལིའི་ཆོས་བརྒྱུད་འཛིན་མཁན་རེད། པཱ་ལིའི་ཆོས་བརྒྱུད་འཛིན་མཁན་ཡུལ་གྲུ་ཁག་དེ་དག་གིས་ནཱ་ལེནྡྲའི་ཆོས་བརྒྱུད་ཚད་མ་རིག་པའི་གཞུང་སོགས་ལ་ཐུགས་སྣང་གསར་པ་ཞིག་སླེབ་ཡོང་གི་འདུག འདུལ་བའི་ཉམས་ལེན་ཐོག་ལ་ང་ཚོས་ཚུར་སློབ་སྦྱོང་བྱེད་རྒྱུ་ཏན་ཏན་ཡོད་པ་རེད།
གང་ལྟར་རྒྱལ་སྤྱིའི་ནང་པའི་ཆོས་ཚོགས་ཀྱི་ཚོགས་ཆེན་ལྟ་བུ་ཚོགས་པའི་སྐབས་ཐེག་པ་ཆེ་ཆུང་ཞེས་དབྱེ་མཚམས་ཕྱེ་བ་མིན་པར་ངོས་ཀྱིས་ནམ་རྒྱུན་ Mahayana དང་ Hinayana ཞེས་པའི་ཚིག་འདི་བེད་སྤྱོད་བྱེད་ཀྱི་མེད། ལེགས་སྦྱར་གྱི་ཆོས་བརྒྱུད་དང་པཱ་ལིའི་ཆོས་བརྒྱུད་ཅེས་ཤོད་ཀྱི་ཡོད། ཕན་ཚུན་གཉིས་ཀར་བསླབ་བྱ་བླང་རྒྱུ་ཡོད་པ་གཞན་དང་མི་འདྲ་བ་ཞིག་ཡོད། དེར་བརྟེན་ཐེངས་འདིའི་ཚོགས་ཆེན་གྱི་གོ་སྐབས་དང་བསྟུན་སྔོན་ལ་ནང་པའི་ཡུལ་གྲུ་ཁག་དེ་དག་འབྲེལ་བ་དམ་ཟབ་ཅིག་དང་། ལུང་རྟོགས་ཀྱི་བསྟན་པ་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་འཛིན་རྒྱུར་ཇི་ཙམ་ཡར་རྒྱས་གཏོང་རྒྱུ་འདུག དེའི་ཐོག་ནང་པའི་ཡུལ་གྲུ་མིན་པ་ཚོ་ལའང་ཤེས་ཡོན་གྱི་སྡེ་ཚན་ནང་ནས་ཕན་ཐོགས་བྱེད་ཐུབ་པ་ཞིག་དགོས། འདི་རང་གི་ཆོས་ལུགས་ལ་ཞེན་འཁོགས་བྱས་ནས་སྤེལ་བའི་སྐད་ཆ་མ་རེད། མི་ལ་ཞབས་འདེགས་ཇི་ལྟར་སྒྲུབ་ཐུབ་པ་འདུག ང་ཚོ་ཚང་མས་སངས་རྒྱས་ཆོས་ཚོགས་མ་གསུང་གི་ཡོད་པ་མ་ཟད། བྱང་ཆུབ་སེམས་མཆོག་ཚང་མས་གསུང་གི་ཡོད་པ་རེད།
དེ་ཡང་ཇི་སྐད་དུ། རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །ཅེས་གསུང་པ་དེ་ལྟར་རེད། རང་དོན་བསྒྲུབ་རྒྱུ་ཡིན་ནའང་བྱང་ཆུབ་ཀྱི་སེམས་སྒོམ་དགོས་པ་རེད། དེ་བཞིན་གཞན་དོན་བསྒྲུབ་རྒྱུ་ཡིན་ནའང་བྱང་ཆུབ་ཀྱི་སེམས་སྒོམ་དགོས། དེའི་ཐོག་ནས་གཞན་ལ་ཕན་བདེ་བསྒྲུབ་རྒྱུ་ཡིན་སྟབས། ང་ཚོས་སྨོན་ལམ་དུས་རྟག་ཏུ་འདི་ལྟར་རྒྱག་གི་ཡོད། སྨོན་ལམ་འདི་ཚིག་སྐམ་པོར་མ་བཞག་པར་དངོས་སུ་ལག་ལེན་གང་ཐུབ་གཞན་ཕན་སྒྲུབ་ཐུབ་པ་ཚང་མས་དགོངས་པ་བཞེས་རོགས་གནང་། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་གྲངས་མེད་པ་དེ་དག་ང་ཚོས་སྨོན་ལམ་རྒྱག་རྒྱུ་ཙམ་ལས་གཞན་བྱེད་རྒྱུ་གང་ཡང་མེད། ཁ་ཡོད་ལག་ཡོད་འཛམ་གླིང་འདིའི་སྟེང་གི་མི་དུང་ཕྱུར་བདུན་ཅུ་ཙམ་ཡོད་པ་དེ་དག་ལ་ནང་པ་སངས་རྒྱས་པ་དང་། ལྷག་པར་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་ཤེས་ཡོན་ཐོག་ནས་ཏན་ཏན་ཞབས་འདེགས་སྒྲུབ་ཐུབ་པའི་གོ་སྐབས་ཡོད་པའི་བཟོ་འདྲ་ཞིག་འདུག ཚང་མར་བཀྲ་ཤིས་བདེ་ལེགས། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་བཀའ་སློབ་བསྩལ།།