ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡༡ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༩ ཉིན་ཨ་རིར་རྟེན་གཞི་བྱས་པའི་ (Albuquerque Journal) ཞེས་པའི་གསར་ལས་ཁང་གིས་བཏོན་པའི་གནས་ཚུལ་ནང་། དེང་སྐབས་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཇེ་ཆེར་འགྲོ་བཞིན་པའི་ཛ་དྲག་གི་དུས་སྐབས་འདིར་མིའི་བསམ་བློར་དངངས་སྐྲག་དང་། སུན་སྣང་། ཁོང་ཁྲོ་བཅས་ཆགས་སྡང་གིས་རྒྱུད་དཀྲུག་པའི་སྐབས་འདིར་སེམས་ཞི་བདེ་བག་ཕེབས་ཡོང་བར་དམིགས་ནས། ནིའུ་ཛི་ལེནྜིར་བཅའ་བཞུགས་ལྕམ་སྐུ་ནེ་ལེ་ཁུ་ནིན་ (Junelle Kunin) ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་མཆོག་གིས་༸ཞལ་དྲོད་མོ་ནས་གཟུངས་སྔགས་བཟླས་ལུང་ལ་རོལ་དབྱངས་ཀྱིས་བརྒྱན་ནས་མཚན་བྱང་དུ་ ༼ ནང་གི་འཇིག་རྟེན། ) ཞེས་པ་གསར་བསྒྲིགས་གནང་བ་དེ་འདི་ལོའི་༸རྒྱལ་བའི་འཁྲུངས་སྐར་དུས་ཆེན་ཉིན་དབུ་འབྱེད་ཞུ་གཏན་འཁེལ་འདུག
རོལ་དབྱངས་ཆེད་སྒྲིག་པ་ཁོ་མོ་དངུལ་ཁང་དུ་ལས་ཀ་བྱེད་མཁན་ཞིག་ཡིན་འདུག རོལ་དབྱངས་དེ་འདྲ་ཞིག་ཆེད་སྒྲིག་ཞུ་དགོས་དོན་སྐོར་གསུང་དོན། ༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་གཟུངས་སྔགས་བཟླས་ལུང་གི་ཞལ་འདོན་རོལ་དབྱངས་ཕྱོགས་སྒྲིག་ཞུ་དགོས་དོན་ནི། ནང་པ་ཡིན་མིན་ཁྱད་མེད་ཐོག་ང་རང་འདྲ་བའི་ཉིན་རེའི་འཚོ་བའི་ཁྲོད་སེམས་ངལ་དང་འབྲེལ་བའི་དཀའ་ངལ་ཡོད་རིགས་རྣམས་ལ་སེམས་ནང་ངལ་གསོ་སྦྱིན་ཆེད་ཕྱོགས་སྒྲིག་ཞུས་པ་ཞིག་ཡིན། ད་ལྟའི་དུས་སྐབས་འདིར་ཧ་ཅང་འོས་འཚམས་ལྡན་པ་ཞིག་རེད། ཅེས་གསུངས།
སྒྲ་སྒམ་བཙོངས་ནས་ཁེ་བཟང་བྱུང་བའི་མ་དངུལ་དེ་དག་སེམས་དང་སྲོག་གི་བསྟི་གནས་ཁང་དང་། དེང་དུས་ཤེས་ཡོན་ལམ་ལུགས་ནང་སྲོལ་རྒྱུན་ལམ་ལུགས་ཀྱི་བཟང་སྤྱོད་སློབ་ཁྲིད་ཀྱི་ལས་གཞི་ SEE Learning ཞེས་པར་ཞལ་འདེབས་འབུལ་རྒྱུ་ཡིན་འདུག ལས་གཞི་དེར་ལོ་ལྔ་ཙམ་འགོར་འདུག །