ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡༦ རེས་གཟའ་མིག་དམར།
༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། རྒྱ་ནག་ལྦུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་ཡམས་འཛམ་གླིང་གང་སར་ཁྱབ་གདལ་འགྲོ་བཞིན་པར་སྔོན་འགོག་སླད་གནས་ཡུལ་གཞུང་ནས་འགྲུལ་བསྐྱོད་མི་ཆོག་པའི་ཐེམ་སྤང་བཀའ་རྒྱ་སྔ་རྗེས་ཕེབས་པར་བཅས་ལ་བརྟེན། ས་གནས་སུ་སྔོན་འགོག་ལས་དོན་ཚ་ཚ་འུར་འུར་ངང་སྤེལ་མུས་ཡིན།
དེ་ཡང་བདུན་རེའི་ནང་ཐེངས་གཉིས་རེར་དུག་སྨན་གཏོར་བཞིན་ཡོད་པ་མ་ཟད། ས་གནས་འཕྲོད་ལས་པ་ནས་མི་མང་རྣམས་ལ་ཚ་བ་བརྟག་དཔྱད་གནང་མུས་སུ་ཡོད། འདི་ནས་མི་མང་རྣམས་ལ་ཁ་རས་རིན་མེད་ཐོག་མཐུན་འགྱུར་ཞུས་ཡོད་ཐོག་ (Help Tibet) རོགས་ཚོགས་ནས་ཀྱང་གློ་སྒྲིག་ས་གནས་མི་མང་ ༥༧༠ ལྷག་ཙམ་ལ་བགོ་འགྲེམས་ཞུས་ཡོད། འདི་ནས་དམིགས་བསལ་འགན་རྐང་གིས་རྒས་འཁོགས་དང་ནད་གཅོང་བོད་སྨན་མཆོད་མཁན་དག་ལ་བོད་སྨན་མཐུན་འགྱུར་ཞུས་ཐུབ་པ་བྱུང་ཡོད། ད་ལྟའི་ཆར་འཚོ་རྟེན་དཀའ་ངལ་འཕར་མ་འཕྲད་བཞིན་པ་ཁག་གི་དཀའ་སེལ་སླད་འདི་ནས་རྒས་འཁོགས་གྲངས་ ༢༩ དང་། དབང་པོ་སྐྱོན་ཅན་གྲངས་ ༡༦ ཙམ་ལ་འཚོ་སྣོན་ཕུལ་ཟིན་པ་དང་། དྭང་ཟུར་ཉམ་ཐག་རྣམས་ལའང་འཚོ་སྣོན་བགོ་འགྲེམས་ཞུས་ཡོད།
འདི་ནས་དམིགས་བསལ་དགོངས་བཞེས་ཀྱིས་གློ་ནད་ཅན་མི་གྲངས་ ༡ དང་། གཉན་ནད་རེག་དུག་ཅན་མི་གྲངས་ ༡ བཅས་ལ་ཟས་བཅུད་ཉོ་ཆེད་སྒོར་ ༥,༠༠༠ རེར་ཕུལ་ཐུབ་པ་བྱུང་ཡོད། སྤོག་ར་བཀྲིས་གླིང་གནས་སྡོད་ཚེ་བརྟན་དབང་མོ་ལགས་བརྒྱུད་ (Freund Tibet) རོགས་ཚོགས་ནས་གློ་སྒྲིག་བྱམས་པ་གླིང་ལ་སྒོར་ ༦༠,༠༠༠ དང་། དེ་བཞིན་དཔལ་འབྱོར་གླིང་དང་བཀྲིས་སྒང་ས་གནས་གཉིས་ལ་སྒོར་ ༦༠,༠༠༠ བཅས་བསྡོམས་སྒོར ༡༢༠,༠༠༠ རོགས་དངུལ་གནང་སོན་བཞིན་ཉམ་ཐག་ཨང་ཐོབ་ཅན་མ་ཡིན་པ་དང་ནམ་རྒྱུན་འཚོ་སྣོན་ཐོབ་ཁུངས་མེད་པའི་དཀའ་ངལ་ཅན་ཁྱིམ་ཚང་ ༣༣ ལ་དངུལ་འབོར་རྣམས་གཅིག་མཚུངས་ཆ་བགོས་ཀྱིས་འཚོ་རྟེན་རོགས་སྐྱོར་ཞུས་ཐུབ་པ་བྱུང་ཡོད།
གཞན་ཡང་གློ་སྒྲིག་ས་གནས་མི་མང་རྣམས་ལ་གློ་སྒྲིག་བདེ་དོན་ཚོགས་པ་ནས་བཟའ་འབྲུ་རིགས་རིན་མེད་ཐོག་མཐུན་འགྱུར་སྦྱར་ཡོད། དེ་བཞིན་བྱམས་པ་གླིང་བཅའ་བཞུགས་ཀུན་དགའ་དབང་ཕྱུག་ལགས་ཀྱིས་བྱམས་པ་གླིང་ས་གཞོན་བརྒྱུད་བྱམས་པ་གླིང་མི་མང་རྣམས་ལ་བཟའ་བཅའ་བགོ་འགྲེམས་དང་། དཔལ་འབྱོར་གླིང་ཚོགས་པ་དྲུག་ཐུན་མོང་ནས་དཔལ་འབྱོར་གླིང་མི་མང་རྣམས་ལ་རིན་མེད་ཐོག་ཟ་འབྲུ་མཐུན་འགྱུར་ཞུས་ཐུབ་པ་བྱུང་ཡོད།
དེ་མཚུངས་ཀྱི་སུད་སི་ (Switzerland) བཅའ་བཞུགས་ལྷག་པ་སྒྲོལ་མ་ལགས་དང་སྒྲོལ་མ་རོགས་ཚོགས་རྣམ་གཉིས་ནས་གློ་སྒྲིག་མི་མང་རྣམས་ལ་ཟ་འབྲུ་བགོ་འགྲེམས་ཞུས་ཐུབ་པ་བྱུང་ཡོད། བྱམས་པ་གླིང་དང་དཔལ་འབྱོར་གླིང་ས་གནས་གཉིས་ལ་ཚོགས་བཀག་འགོག་དབྱེ་ཟུར་འཇོག་གོ་སྒྲིག་གིས་དེའི་ནང་དྲྭ་རྒྱ་སོགས་ཀྱི་མཐུན་རྐྱེན་སྦྱར་ཐུབ་པ་བྱུང་ཡོད། ད་བར་ས་གནས་སུ་རྒྱ་ནག་ཝུ་ཧན་ཏོག་དབྱིབས་ནད་ཡམས་འགོས་པའི་གཞིས་མི་གཅིག་ཀྱང་མེད་བཅས། །