ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༢༣ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༢༠ ནི་འགྲོ་བ་མིའི་ལོ་རྒྱུས་ནང་ཆེས་དཀའ་སྡུག་གི་ལོར་དྲན་གསོ་བྱ་ངེས་ཡིན། རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་འགྲོ་བ་མིའི་ཚེ་སྲོག་ཤོར་བ་དང་། དཔལ་འབྱོར་ཉམས་རྒུད་ཕྱིན་པ་བཅས་འཛམ་གླིང་སྐད་ངན་ཤོར་བཅུག་ཡོད། ཕྱི་ལོ་ ༢༠༡༩ ཕྱི་ཟླ་ ༡༢ ནང་ཏོག་དབྱིབས་གཉན་རིམས་འདི་བཞིན་འགྲོ་བ་མི་བརྒྱུད་ནས་འགོ་ཡི་ཡོད་པའི་གནས་ཚུལ་ཐོན་པ་དང་། འཛམ་གླིང་འཕྲོད་བསྟེན་ལས་ཁུངས་ནས་ཏོག་དབྱིབས་གཉན་རིམས་ཀྱི་འབྱུང་རྩ་དང་ཁྱབ་བརྡལ་སྐོར་ལ་པེ་ཅིན་ཕྱོགས་ནས་བཤད་སྟངས་ལ་གཞི་བཅོལ་ཡོད། ཏོག་དབྱིབས་གཉན་རིམས་སྐོར་གནས་ཚུལ་བཀག་སྡོམ་བྱ་ཆེད་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་རང་གི་མི་སེར་ཚོའི་ཐོག་དམ་བསྒྲགས་བྱས་པ་དང་། དེ་བཞིན་ཡུ་རོབ་སྤྱི་མཐུན་ཚོགས་པ་དང་ཨོ་སི་ཊི་ལི་ཡའི་གཞུང་སོགས་རྒྱལ་སྤྱིའི་ཐོག་ནས་རྒྱ་ནག་གཞུང་ལ་ཏོག་དབྱིབས་གཉན་རིམས་ཀྱི་འབྱུང་རྩ་དང་ཁྱབ་བརྡལ་སྐོར་རང་དབང་གི་སྒོ་ནས་རྟོག་ཞིབ་བྱ་འཇུག་དགོས་པའི་དགོས་འདུན་བཏོན་པར། ཞི་ཅིན་ཕིང་གིས་ཁོང་ཚོར་ཉེན་བརྡ་བཏང་།
རྒྱ་ནག་མི་དམངས་བཅིངས་བཀྲོལ་དམག་གིས་བོད་ས་ཡོངས་རྫོགས་དབང་སྒྱུར་བྱས་པ་ནས་བཟུང་། རྒྱ་ནག་གཞུང་གིས་བོད་ཐོག་མཁྲེགས་པོའི་སྲིད་བྱུས་འཛིན་བཞིན་ཡོད་པས་བོད་དང་པེ་ཅིང་གི་འབྲེལ་བ་སྡུག་ཏུ་འགྲོ་དང་འགྲོ་མུས་ཡིན། རིག་གནས་གསར་བརྗེའི་སྐབས། རྒྱ་ནག་དམར་ཤོག་གཞུང་གིས་བོད་མི་སྟོང་ཕྲག་མང་པོ་དམར་གསོད་དང་བོད་ཀྱི་དགོན་སྡེ་གྲངས་ལས་འདས་པ་རྩ་གཏོར་དུ་བཏང་། རྒྱ་ནག་དམར་ཤོག་གཞུང་གིས་བོད་མི་ཚོའི་སྟེང་དྲག་གནོན་བྱས་དང་བྱེད་བཞིན་ཡོད་པ་མ་ཟད། ཐ་ན་ཕ་ཡུལ་བོད་ཀྱི་ཡུལ་ལྗོངས་ཀྱི་རྣམ་པ་དེ་ཡང་རྒྱ་ནག་གི་བོད་ལྟ་བུར་སྒྱུར་ཐབས་བྱེད་བཞིན་ཡོད། རྒྱ་ནག་གི་མཁྲེགས་པོའི་སྲིད་བྱུས་ལ་བརྟེན་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཆེས་སྡུག་ཤོས་གྲས་སུ་ཚུད་ཡོད་པ་དང་། ལྷག་པར་མཁྲེགས་པོའི་སྲིད་བྱུས་ཀྱི་རྐྱེན་པས་བོད་ཀྱི་སྐད་ཡིག་དང་སློབ་གསོ་རང་དབང་ཐད་ལའང་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད།
དངོས་ཡོད་གནས་ཚུལ་ལ་རྒྱ་ནག་དམར་ཤོག་གཞུང་གི་ཤེས་ཡོན་སློབ་གསོ་ལ་རིགས་གཉིས་ཡོད་དེ། དང་པོ་ནི་རྒྱ་མི་རིགས་ལ་ཤེས་ཡོན་སྤྲོད་རྒྱུ་དེ་ཡིན་ཞིང་། དེས་ཕྱོགས་གཅིག་ནས་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བར་ཞབས་འདེགས་སྒྲུབ་ཀྱི་ཡོད། ཤེས་ཡོན་སློབ་གསོ་གཞན་པ་ནི་གྲངས་ཉུང་མི་རིགས་ཚོའི་སླད་དུ་ཡིན། རྒྱ་ནག་དམར་ཤོག་གཞུང་གིས་རང་གི་དྲིལ་བསྒྲགས་ཀྱི་ལག་ཆ་ལྟ་བུར་བེད་སྤྱོད་བྱ་ཆེད་ལྷག་པར་བོད་མིའི་རིག་གཞུང་དང་སྐད་ཡིག་གཏོར་བཤིག་བཏང་སྟེ་བོད་མིའི་གཞོན་སྐྱེས་ཚོའི་བསམ་བློ་སྒྱུར་ཐབས་བྱས་དང་བྱེད་བཞིན་ཡོད་པའི་ཤེས་ཡོན་སློབ་གསོ་དེ་རེད།
ཕྱི་ཟླ་ ༤ ནང་སི་ཁྲོན་ཞིང་ཆེན་རྔ་པ་ས་གནས་སྲིད་གཞུང་གིས་ས་གནས་སློབ་གྲྭ་ཁག་ཏུ་བོད་ཀྱི་སྐད་ཡིག་མ་གཏོགས་སློབ་ཚན་གཞན་ཚང་མ་རྒྱ་ཡིག་ཐོག་སློབ་ཁྲིད་བྱ་དགོས་པའི་སྲིད་བྱུས་གསར་པ་གསལ་བསྒྲགས་བྱས་ཡོད་པ་དང་། རྒྱ་ནག་གི་རྩ་ཁྲིམས་དོན་ཚན་ཁག་གཅིག་གི་ནང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་དགོས་པ་བཀོད་ཡོད། ཕྱོགས་གཅིག་ནས་སྲིད་བྱུས་གསར་པ་དེ་རྒྱ་ནག་གི་རྩ་ཁྲིམས་དང་འགལ་གྱི་ཡོད། རྒྱ་ནག་གཞུང་གིས་དེ་ལྟ་བུའི་ཁྲིམས་ཤིག་ཕྱི་ལོ་ ༢༠༡༠ ལོར་བོད་མདོ་སྨད་རེབ་གོང་དུའང་གཏན་འབེབས་བྱས་པར་བརྟེན་སློབ་ཕྲུག་སྟོང་ཕྲག་མང་པོས་ཁྲོམ་གཞུང་དུ་ངོ་རྒོལ་གནང་ཡོད།
པེ་ཅིན་གཞུང་གིས་སྐུལ་མ་བྱས་སྟབས་རྒྱ་རིགས་ལས་ཀ་འཚོལ་མི་དང་ཡུལ་སྐོར་སྤྲོ་འཆམ་པའི་གྲངས་འབོར་བོད་ནང་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། རྒྱ་རིགས་ཕོན་ཆེན་བོད་ནང་གནས་སྤོ་བཞིན་ཡོད། མང་པོ་ཞིག་བོད་ནང་གཏན་དུ་གཞིས་ཆགས་ནས་སྡོད་བཞིན་ཡོད་པས་བོད་མི་རང་གི་ཕ་ཡུལ་ནས་གྲངས་ཉུང་མི་རིགས་ལྟ་བུ་ཆགས་ཉེན་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་བོད་ཀྱི་རིག་གཞུང་དང་། སྐད་ཡིག ཡུལ་སྲོལ་གོམས་གཤིས་སོགས་ཀྱང་རྦད་དེ་རྒྱ་རིགས་དང་མཉམ་བསྲེས་བྱེད་བཞིན་ཡོད། དཔེར་ན་བོད་རང་སྐྱོང་ལྗོངས་ཟེར་བ་གཅིག་པུའི་ནང་ལོ་རེར་རྒྱ་ནག་ནས་ཡུལ་སྐོར་སྤྲོ་འཆམ་པ་གྲངས་ས་ཡ་ ༢༠ ནས་ ༢༥ བར་ཡོང་བཞིན་ཡོད་པ་དང་། དེས་བོད་རིགས་ཚོར་རྒྱ་སྐད་བཤད་རྒྱུའི་དཀའ་ངལ་ཧ་ཅང་འཕྲད་འཇུག་གི་ཡོད་པ་མ་ཟད། ཐ་ན་རང་གི་ཕ་སྐད་བཀོལ་སྤྱོད་ཀྱི་གོ་སྐབས་ཀྱང་ཆུང་དུ་འགྲོ་བཞིན་ཡོད།
རྒྱ་ནག་དབུས་གཞུང་དང་ས་གནས་སྲིད་གཞུང་གིས་གནོན་ཤུགས་སྤྲད་མིན་ལ་མ་ལྟོས་པར་བོད་པས་མུ་མཐུད་འགོག་རྒོལ་བྱས་དང་བྱེད་བཞིན་ཡོད། ཕྱི་ལོ་ ༢༠༠༨ ལོར་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་རྒྱལ་སྤྱིའི་ཨོ་རྩལ་འགྲན་བསྡུར་འཚོགས་བཞིན་པའི་སྐབས་བོད་མདོ་དབུས་ཁམས་གསུམ་ནང་ས་བྱི་ཞི་རྒོལ་ཆེན་མོ་བྱུང་ཡོད་པ་དང་། དེ་བཞིན་རྒྱ་ནག་གཞུང་གིས་ཆེད་དུ་བོད་ཀྱི་རིག་གཞུང་དང་སྐད་ཡིག་མཉམ་བསྲེས་ཀྱི་སྲིད་བྱུས་སྤེལ་བཞིན་པར། ཕྱི་ལོ་ ༢༠༡༠ ལོར་བོད་ནང་བོད་པའི་སློབ་ཕྲུག་ཚོས་ངོ་རྒོལ་གནང་ཡོད། དོན་རྐྱེན་དེ་དག་གིས། རྒྱ་ནག་གཞུང་གིས་བོད་ཐོག་ལག་བསྟར་བྱས་དང་བྱེད་བཞིན་པའི་སྲིད་བྱུས་ལ། བོད་པའི་མི་རབས་རྒན་པ་དང་གཞོན་སྐྱེས་ཚོས་ངོ་རྒོལ་དང་ངོས་ལེན་གནང་གི་མེད་པའི་དཔང་རྟགས་གསལ་རྗེན་དུ་བསྟན་ཡོད། བོད་མི་དེ་དག་ནི་རྒྱ་ནག་དམར་ཤོག་གཞུང་གི་དབྱེ་འབྱེད་ཀྱི་ཤེས་ཡོན་སྲིད་བྱུས་འོག་འཚར་ལོངས་བྱུང་བ་ཤ་སྟག་ཡིན།
ད་ནི་རྒྱ་ནག་གཞུང་གིས་བོད་ནང་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེ་བསྐྱར་ཞིབ་ཀྱིས་བོད་མིའི་མངོན་འདོད་བསྐོང་དགོས་པའི་དུས་ལ་བབས་ཡོད། བོད་མིའི་མངོན་འདོད་བསྐོང་བར་ཤེས་ཡོན་སྲིད་བྱུས་དེ་ཡང་བོད་མི་རིགས་ཀྱི་མདུན་ལམ་དང་རིག་གཞུང་ལ་ཕན་ཐོགས་ཡོད་པ་ཞིག་ལག་བསྟར་བྱ་དགོས།
ཀརྨ་བསྟན་འཛིན་ལགས་ནི། བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཡིན་ཞིང་། འདིར་བཏོན་པའི་སྒེར་གྱི་ལྟ་ཚུལ་རྣམས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ལྟ་བ་ལངས་ཕྱོགས་ཡིན་པའི་ཁྱབ་པ་མེད།
གོང་འཁོད་རྩོམ་ཡིག་ནི་ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡༨ ཉིན་ཨེ་ཤི་ཡའི་དུས་བབ་ Asia Times ནང་བཏོན་ཡོད་པ་དང་། འདི་ག་བོད་ཡིག་ཚན་པས་ཨིན་ཡིག་ནས་བོད་ཡིག་ཏུ་ཕབ་སྒྱུར་ཞུས་པ་ཡིན། ཚིག་དོན་ལ་ཧེ་བག་ཡོད་ཚེ་ཨིན་ཡིག་གི་མ་རྩོམ་ལ་རྩ་འཛིན་ཡོང་བ་ཞུ།