ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡༡ རེས་གཟའ་ཕུར་བུ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་བལ་ཡུལ་ས་གནས་ལས་ཁུངས་ཀྱི་ཆེད་དྲུང་གཞོན་ས་མིག་གཅིག་སྟོང་པ་ཡོད་པས་སྲི་ཞུའི་ལས་བྱེད་གསར་འདེམས་ཞུ་རྒྱུ་ལགས་ན། གཤམ་གསལ་ཆ་རྐྱེན་ཚང་ཞིང་སྒྲིག་འཛུགས་ནང་རྒྱུན་མཐུད་ཞབས་འདེགས་ཞུ་བློ་ཡོད་རིགས་རྣམས་ནས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་དྲུང་ཆེའི་མཚན་ཐོག་ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡༥ ཕྱི་དྲོ་ཕྱག་ཚོད་ ༥ འགྱངས་མེད་འཚང་སྙན་སྦྲག་ཐོག་གམ་གློག་འཕྲིན་ ༼ད་ཐེངས་དམིགས་བསལ་༽ གང་རུང་བརྒྱུད་གནང་འབྱོར་ཟིན་པ་དགོས་རྒྱུ།
དགོས་ངེས་ཆ་རྐྱེན་ཁག
༡། ཤེས་ཚད།
ཚད་ལྡན་མཐོ་སློབ་གང་རུང་ནས་ཉེ་བའི་གཙུག་ལག་རབ་འབྱམས་ Bachelor’s Degree ཡང་ན་དེ་དང་ཚད་མཉམ་པའི་ལག་ཁྱེར་དགོས་རྒྱུ། ལོ་གཅིག་ལས་བརྒལ་བའི་འཕྲལ་སེལ་ལག་ཁྱེར་ provisional certificate ངོས་ལེན་བྱ་རྒྱུ་མིན་པས་དེ་དོན་དགོངས་འཇགས་འཚལ།
༢། ཉམས་མྱོང་།
དུས་ཡུན་ཆ་ཚང་བའི་ལོ་ ༤ ལས་ཀའི་ཉམས་མྱོང་དགོས་རྒྱུ།
༣། ལོ་ཚད།
ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡༥ བར་རང་ལོ་ ༣༥ ལས་མ་བརྒལ་བ་དགོས་རྒྱུ།
༤། དགོས་ངེས་ཡིག་ཆ་ཁག
༤༌༡། ཤེས་ཚད་ལག་ཁྱེར་དང་། གྲུབ་འབྲས་ཨང་ཤོག
༤༌༢། འབུལ་འབབ་གཙང་འབུལ་ཟིན་པའི་དཔྱ་ཁྲལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང་། མཐའ་མ།
༤༌༣། འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་བོད་རྒྱ་སྨན་ཁང་གང་རུང་ནས་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་སྟེང་དོ་བདག་གི་ཕྱེད་པར་ཐོག་དག་མཆན་འཁོད་པ།
༤༌༤། སྐྱེས་ཚེས་ལག་ཁྱེར། ཡང་ན། སྐྱེས་ཚེས་འཁོད་པའི་འཛིན་རིམ་བཅུ་པའི་ལག་ཁྱེར།
༤༌༥། རང་ཉིད་ཀྱི་ད་ལྟའི་ཕྱེད་པར་གཉིས།
༤༌༦། རང་ཉིད་གཏན་སྡོད་བྱ་ཡུལ་ས་གནས་འགོ་འཛིན་ནས་བྱ་སྤྱོད་ཐལ་སྐྱོན་མེད་པའི་ངོས་སྦྱོར།
༤༌༧། གལ་ཏེ་སྤྱི་སྒེར་སྡེ་ཚན་གང་རུང་ནང་ལས་ཀ་བྱེད་མུས་ཡིན་ཚེ་དགག་བྱ་མེད་པའི་ངོས་སྦྱོར།
༥། རྒྱུགས་གཞི།
༥༌༡། བོད་ཡིག་དང་། ཨིན་ཡིག་གཉིས་ཐོག་འབྲི་རྒྱུགས་དང།
༥༌༢། རྩིས་ཀྱི་ཡིག་རྒྱུགས་ཟུར་དུ་མེད་ཀྱང་བོད་ཨིན་གཉིས་ཀྱི་དྲི་ཤོག་ནང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་ དང་འབྲེལ་བའི་སྒྲིག་གཞི་ཁག་གི་སྐོར་འབྲི་རྒྱུགས་ནང་ཡོང་ངེས།
༥༌༣། བོད་སྐད་དང། ཨིན་སྐད་གཉིས་ཐོག་ངག་རྒྱུགས་ལེན་རྒྱུ།
ཐུགས་སྣང་།
༡། གོང་འཁོད་ཡིག་ཆའི་ངོ་བཤུས་ཁག་ལ་འབྲེལ་ཡོད་ས་གནས་འགོ་འཛིན་ནམ་ཡང་ན། ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་བསྐོ་གཞག་གནང་བའི་ཟུང་འབྲེལ་དྲུང་ཆེའི་གནས་རིམ་ཡན་སུ་རུང་གི་དག་མཆན་འཁོད་དགོས།
༢། དེང་སྐབས་རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་ནད་ཡམས་ཚབས་ཆེའི་གནས་སྟངས་དེ་ མུར་གནས་ཚེ། ཡིག་རྒྱུགས་གཏོང་ཕྱོགས་ཐད་གནས་སྟངས་ལ་གཞིགས་པའི་འགྱུར་བ་གཏོང་འཆར་སྐབས་མཚམས་གསལ་ཆ་ཡོང་རྒྱུ།
སྙན་འབུལ་བ་རྣམས་ནས་འཚང་སྙན་འགེངས་ཤོག་ཞིབ་བཀང་མཉམ་ཡིག་ཆ་ཁག་གཤམ་གསལ་ཁ་བྱང་ཐོག་གནང་འབྱོར་ཟིན་པ་དགོས་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ། ལས་བྱེད་འདེམས་བསྐོ་ལྷན་ཁང་ནས། ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡༡ ལ།།
Secretary
Public Service Commission
Central Tibetan Administration
Dharamshala,
Distt. Kangra, H.P.
Email: [email protected]