ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༨ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་གི་གཟིམ་ཆུང་ནས་དྲ་ལམ་ཐད་གཏོང་བརྒྱུད་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་སིངྒ་པོར་དང་། མ་ལེ་ཤཱི་ཡ། ཐའེ་ལན་ཌི། ཝི་དི་ནམ། མེ་མར། ཁམ་པོ་ཌི་ཡ། ལའོ་སི། ཧོང་ཀོང་བཅས་ཀྱིས་གཙོས་ལྷོ་ཤར་ཨེ་ཤི་ཡའི་གཞོན་སྐྱེས་རྣམས་ལ་བཀའ་སློབ་དང་དྲི་བར་བཀའ་ལན་སྩལ་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཙམ་ལ་གཟིམ་ཆུང་ནས་བཀའ་སློབ་གནང་ཡུལ་དུ་ཆིབས་སྒྱུར་གྱིས་ཐོག་མར་མདོ་འཛིན་པས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཞལ་བཞེས་བཟང་པོ་ཐོབ་པ་དང་། དགའ་ལྡན་ཕོ་བྲང་གི་ལྷོ་ཤར་ཨེ་ཤ་ཡའི་འབྲེལ་མཐུད་པ་སྦྱིན་པ་རྒྱ་མཚོ་ལགས་ཀྱིས་གསོལ་འདེབས་ཞུས་ཏེ་བགྲོ་གླེང་གོ་སྒྲིག་ཞུས་པར་བཀའ་དྲིན་ཆེ་ཞུས་པ་དང་། དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། འགྲོ་བ་མི་དུང་ཕྱུར་བདུན་ཅུ་ལྷག་ཡོད་པ་ཐམས་ཅད་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པར་གཅིག་གྱུར་ཡིན་ལ། ནང་པའི་འདོད་ཚུལ་ལྟར་ན། འགྲོ་བ་མི་ཙམ་མ་ཡིན་པར་སེམས་ཅན་ཐམས་ཅད་རང་དང་རང་གི་གཉེན་ཉེ་རྣམས་བདེ་བ་དང་ལྡན་པར་འདོད་ཅིང་སྡུག་བསྔལ་དང་འབྲལ་བར་འདོད་པ་མཚུངས་པ་ཡིན། འོན་ཀྱང་འགྲོ་བ་མི་ལ་སེམས་ཅན་གཞན་ལ་མེད་པའི་རྣམ་དཔྱོད་ཁྱད་པར་བ་ཞིག་ཡོད་སྟབས། རྣམ་དཔྱོད་དེས་འཕྲུལ་ཆས་དང་། ཚན་རིག་སོགས་གསར་གཏོད་བྱས་ཐུབ་ཡོད་ཀྱང་། རྣམ་དཔྱོད་དེ་ཉོན་མོངས་པ་དང་ཟུང་དུ་སྦྲེལ་ནས་གོ་མཚོན་འདྲ་མིན་བཟོས་པས་འཛམ་གླིང་ནང་དམག་འཁྲུག་དང་འཚེ་བ་འཕེལ་ཡོད། འགྲོ་བ་མི་མ་གཏོགས་སེམས་ཅན་གཞན་གྱིས་བྱེད་མི་ཐུབ་པ་འདི་ལྟ་བུ་ནི་ཉོན་མོངས་པའི་གཞན་དབང་དུ་གྱུར་པའི་རྣམ་དཔྱོད་ལ་བརྟེན་ནས་བྱུང་བ་ཡིན།
དེང་སྐབས་ང་ཚོར་འཕྲད་བཞིན་པའི་དཀའ་ངལ་འདི་དག་ནི་འགྲོ་བ་མིའི་བྱེད་བབ་ལ་བརྟེན་ནས་བྱུང་བ་ཡིན་པས། འགྲོ་བ་མི་ལ་རང་བཞིན་གྱིས་དཀའ་ངལ་སེལ་བའི་འོས་འགན་ཡོད་པ་མ་ཟད། བྱེད་ཐུབ་པ་ཞིག་ཀྱང་ཡིན། འགྲོ་བ་མི་དུང་ཕྱུར་བདུན་ཅུ་ལྷག་ཡོད་པ་ཐམས་ཅད་ལ་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་ཡོད་གྱུར་ན་ཕན་ཚུན་འཚེ་བ་བྱེད་པའི་གཞི་རྩ་གཏན་ནས་མེད་པར་འགྱུར། གནས་དབེན་པ་ཞིག་ཏུ་རང་ཉིད་གཅིག་པུར་འཁྱམ་པ་ན་འགྲོ་བ་མི་ཅིག་དང་ཐུག་མ་ཐག་རང་དང་འདྲ་བ་ཅིག་དང་ཐུག་བྱུང་སྙམ་སྟེ་དགའ་བ་སྐྱེ་བ་ལས། དེའི་རིགས་རུས་དང་། ཆོས་བརྒྱུད། ལུང་ཚན་གང་ཡིན་མི་ལྟ་བ་ནི་རང་བཞིན་ཡིན། ཞེས་སོགས་ཀྱི་བཀའ་སློབ་སྩལ།
དེ་ནས་སློབ་གཉེར་དང་ཉམས་ལེན་ཡ་མ་བྲལ་བར་བྱ་ཚུལ་བཀའ་འདྲི་ཞུས་པར། མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན། ངོས་རང་ལོ་ན་བདུན་བརྒྱད་ལ་སོན་པའི་སྐབས་ནས་བཟུང་སློབ་གཉེར་བྱེད་པ་དང་ལྷན་ཉམས་ལེན་བྱེད་འགོ་བརྩམས་པ་ཡིན། སློབ་གཉེར་དང་ཉམས་ལེན་མཉམ་དུ་འགྲོ་ཐུབ་པ་ཉམས་མྱོང་གི་སྒོ་ནས་བཤད་ཐུབ། ལོ་ན་ ༨༦ ལ་སོན་པའི་སྐབས་འདིར་ཡང་གོ་སྐབས་ནམ་བྱུང་ལ་གསུང་རབ་ཀློག་བཞིན་སློབ་གཉེར་བྱེད་བཞིན་ཡོད་ལ། བསམ་པ་མེད་པའི་ཐོས་པ་ནི་ཤེས་ཡོན་ཙམ་ལས་བརྟན་པོ་མེད་པས། ཐོས་བསམ་བསྒོམ་པ་ཡ་མ་བྲལ་བ་དགོས། ཞེས་བཀའ་སློབ་སྩལ།
གཞན་ཡང་འཆི་བ་ལ་གདོང་ལེན་བྱེད་ཚུལ་བཀའ་འདྲི་ཞུས་པར། སངས་རྒྱས་སོགས་སྔར་བྱུང་བའི་སྐྱེས་ཆེན་ཐམས་ཅད་གཤེགས་ཚར་ལ། བདག་ཅག་ཀྱང་མཐར་འཆི་ངེས་པ་ཡིན། འོན་ཀྱང་འཚོ་བའི་རིང་མི་ཚེ་དོན་དང་ལྡན་པ་ཞིག་སྐྱེལ་ཐུབ་ན། དེས་ཡིད་ཚིམ་པ་དང་འགྱོད་པ་མེད་པ་ཞིག་འོང་། བདུན་ཕྲག་རྗེས་མར་འཆི་རྒྱུ་ཡིན་ནའང་ཉིན་ཤས་འཚོ་བའི་རིང་གཞན་ལ་བྱམས་སྙིང་རྗེའི་ཉམས་ལེན་སྐོར་ཤོད་དང་འགྱོད་པ་མེད་པར་འཆི་བར་འགྱུར། ཞེས་སོགས་ཀྱི་བཀའ་སློབ་སྩལ།
མཐར་གོ་སྒྲིག་པས་མ་འོངས་པར་ཡང་མཛད་བྲེལ་མེད་པའི་སྐབས་ཤིག་ལ་གཞོན་སྐྱེས་རྣམས་དང་ལྷན་དུ་འདི་ལྟ་བུའི་བགྲོ་གླེང་གི་གོ་སྐབས་སྩལ་གནང་ཡོང་བ་ཞེས་གསོལ་བ་བཏབ་པར། ནང་ཆོས་ཉམས་ལེན་པ་ཞིག་ཡིན་པའི་ཆ་ནས་བདག་གི་ལུས་ངག་ཡིད་གསུམ་སེམས་ཅན་གྱི་དོན་དུ་བསྔོས་ཟིན་པས་ཡིན་དང་ཡིན། ལྷག་པར་དེང་རབས་ཀྱི་འཕྲུལ་ཆས་ལ་བརྟེན་ནས། ས་གནས་གཞན་དུ་འགྲོ་མི་དགོས་པར། འདིར་བདེ་བར་བསྡད་ནས་བསམ་ཚུལ་བཤད་པ་ལ་དཀའ་ངལ་མེད་སྟབས། ནམ་ཡིན་ཡང་གྲ་སྒྲིག་ཨང་གསར་ཡིན། ཞེས་སོགས་ཀྱི་བཀའ་སློབ་སྩལ་རྗེས། ཐེངས་འདིར་སིངྒ་པོར། མ་ལེ་ཤཱི་ཡ། ཐའེ་ལན་ཌི། ཝི་དི་ནམ། མེ་མར། ཁམ་པོ་ཌི་ཡ། ལའོ་སི། ཧོང་ཀོང་སོགས་ལྷོ་ཤར་ཨེ་ཤ་ཡའི་གཙུག་ལག་སློབ་ཆེན་གྲགས་ཅན་ཁག་གཅིག་གིས་གཙོས་མཐོ་སློབ་སློབ་ཕྲུག་སྟོང་ཕྲག་བརྒལ་བར་དྲ་ལམ་བརྒྱུད་བཀའ་སློབ་སྩལ་བ་དང་། དགའ་ལྡན་ཕོ་བྲང་ཡིག་ཚང་གི་གཞུང་འབྲེལ་སྐད་རིགས་འདྲ་མིན་གྱི་དྲ་ལམ་ཁག་ནས་བོད་སྐད་དང་རྒྱ་ནག རྒྱ་གར། ཝི་དུ་ནམ། ར་ཤི་ཡ། ཀོ་རི་ཡ། ཉི་ཧོང་། སི་པེན། འཇར་མན། པོར་ཇུ་ཀལ་དང་། ཨུ་རུ་སི། ཨི་ཊ་ལི། ཐའེ་བཅས་ཀྱི་ཡུལ་སྐད་ནང་གསུང་སྒྱུར་གྱིས་སྐབས་ཐོག་ལ་གསན་གཟིགས་གནང་མཁན་ས་ཡ་གཅིག་ལྷག་བྱུང་ཡོད་པ་བཅས། །