ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༨ རེས་གཟའ་ཟླ་བ།
༄༅། །འདི་གར་ནང་སྲིད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༡༥ ཉིན་རྡོར་གླིང་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཁྱབ་ཁོངས་ཁ་འཐོར་ས་གནས་རྟགས་མདའ་ས་གནས་དང་། བླ་མ་ཧ་ཀྲ་ས་གནས། མེ་ལེ་ ༦ བཅས་ཀྱི་ས་གནས་མི་མང་དང་མི་འཐུས་རྣམ་པ་སོ་སོར་ཐུག་འཕྲད་ཀྱིས་རྟགས་མདའ་ས་གནས་མི་མང་ཆེད་ཁ་རས་དང་། ལག་སྲིན་སེལ་བྱེད། ཚ་བ་བརྟག་དཔྱད་བྱེད་རྒྱུའི་ཡོ་ཆས་ཁག་དང་། དེ་བཞིན་བླ་མ་ཧ་ཀྲ་དང་མེ་ལེ་ ༦ ཡི་ས་གནས་མི་མང་རྣམས་ལ་ཡང་དེ་མཚུངས་ཀྱི་ཁ་རས་བགོས་འགྲེམས་ཞུས་ཡོད། ཐེམ་སྤང་བཀའ་རྒྱ་རྐྱེན་པས་འདི་གའི་ས་གནས་མི་མང་གྲངས་ ༥ དང་སྤོན་ཌ་གཞིས་ཆགས་ནས་ཡིན་པ་ནང་མི་གྲངས་ ༡ བཅས་ཀྱི་འཚོ་རྟེན་དཀའ་སེལ་སླད་བོད་མིའི་སྒྲིག་འཛུགས་ནས་རོགས་སྐྱོར་ཞུ་རྒྱུའི་ཆེད་འདི་ནས་གནས་སྟངས་ཞིབ་འཇུག་གིས་འགེངས་ཤོག་དུས་ཐོག་ནང་སྲིད་ལས་ཁུངས་སུ་ཕུལ་ཐུབ་པ་བྱུང་ཡོད།
ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༡༧ ཉིན་རྡོར་གླིང་ས་འགོའི་ཁྱབ་ཁོངས་ཁར་ཤང་དང་། ས་སྐྱ་ཀུན་དགའ་བཤད་སྒྲུབ་གླིང་། ལྡི་ལ་རམ། གུམ་ས་སྐྱ་དགོན་པ་བཅས་སུ་བཅར་ནས་ས་གནས་མི་མང་དང་དགེ་འདུན་པ་རྣམས་ལ་ཁ་རས་དང་། གུམ་ས་སྐྱ་གུ་རུ་དགོན་ཆེད་ཚ་བ་བརྟག་དཔྱད་ཀྱི་ཡོ་ཆས་བཅས་ཕུལ་ཡོད། དེ་བཞིན་ལྡི་ལ་རམ་དང་དང་གུམ་གནས་སྡོད་ཉམ་ཐག་གཉིས་ལ་ས་གནས་ཨ་རི་ཧི་མ་ལ་ཡའི་རོགས་ཚོགས་བརྒྱུད་ངལ་སེལ་རོགས་དངུལ་སྒོར་ ༢༠༠༠ རེ་བགོས་འགྲེམས་ཞུས་ཡོད། ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༡༨ ཉིན་རྡོར་གླིང་ཁུལ་གྱི་མི་ཚང་སྐྱོ་བོ་རྣམས་ཀྱི་ཐོ་གཞུང་བསྡུ་རུབ་ཞུས་པ་མ་ཟད་གཏུང་སུང་ས་གནས་ནང་ཡོད་ཨ་མ་རྒན་འཁོགས་གཅིག་ལ་བཟའ་བཅའ་བཀའ་འཁྲོལ་དངུལ་འབོར་ནས་སྒོར་ ༣༠༠༠ དང་ས་གནས་རོགས་ཚོགས་ནས་སྒོར་ ༢༠༠༠ བཅས་བསྡོམས་སྒོར་ ༥༠༠༠ རོགས་རམ་ཞུས་ཡོད།
ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༡༩ ཉིན་རྡོར་གླིང་རང་འཚོ་བཟོ་གྲྭའི་འགན་འཛིན་ལྷན་ཚོགས་མཉམ་ཏོག་དབྱིབས་གཉན་རིམས་སྔོན་འགོག་དང་འབྲེལ་ཚོགས་འདུ་ཚོགས་པ་དང་། རྡོར་གླིང་རང་འཚོ་བཟོ་གྲྭའི་ཁང་མིག་གཉིས་དེ་བཞིན་ཚོགས་བཀག་འགོག་དབྱེ་ཟུར་འཇོག་དུ་གོ་སྒྲིག་དགོས་པ་དང་། དེའི་ནང་གི་དགོས་མཁོའི་མཐུན་རྐྱེན་ཇི་དགོས་སྐོར་བཅས་ཀྱི་ལམ་སྟོན་ཞུས་ཡོད། དེ་བཞིན་ཨ་རི་ཧི་མ་ལ་ཡའི་རོགས་ཚོགས་བརྒྱུད་རང་འཚོ་བཟོ་གྲྭའི་རྒས་འཁོགས་ཉམ་ཐག་གྲངས་ ༡༣ ལ་སྒོར་ ༢༠༠༠ རེར་བཅས་ཁྱོན་སྒོར་ ༢༦,༠༠༠ འབབ་བཟའ་བཅའ་ཉོ་ཆེད་ཀྱི་མཐུན་འགྱུར་ཞུས་ཡོད།
ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢༤ ཉིན་འཕྲོད་བསྟེན་ལས་ཁུངས་ཀྱི་དུག་སེལ་ལས་འགུལ་ཆེད་འདི་ནས་རྡོར་གླིང་རང་འཚོ་བཟོ་གྲྭ་དང་། བཀའ་འགྱུར་དགོན། འཛི་དཀར་དགོན། ས་འགོ་ལས་ཁུངས་བཅས་སུ་དུག་སྨན་གཏོར་ཐུབ་པ་བྱུང་ཡོད། ས་གནས་སུ་ཚོགས་བཀག་འགོག་དབྱེ་ཟུར་འཇོག་གཅིག་ཡོད་པ་དེ་བཞིན་རྡོར་གླིང་རང་འཚོ་བཟོ་གྲྭ་དུ་གོ་སྒྲིག་ཞུས་ཡོད་བཅས། །