ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༢༩ རེས་གཟའ་ཟླ་བ།
༄༅། །རྒྱལ་ཚོགས་ཀྱི་དམིགས་བསལ་ལས་དོན་ཚོགས་ཆུང་ Special Procedure Mandate Holders གི་རང་དབང་གི་ཆེད་མཁས་པ་གྲངས་ ༥༠ ཙམ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ལ་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་སྲུང་སྐྱོབ་ལག་བསྟར་བྱེད་ཕྱོགས་སྐོར་ཛ་དྲག་གི་རྟོག་ཞིབ་གནང་དགོས་པའི་འབོད་སྐུལ་གནང་འདུག
དེ་ཡང་བོད་དང་། ཧོང་ཀོང་། ཤར་ཏུར་ཀི་སི་ཐན་བཅས་ཀྱི་མི་རིགས་ཚོས་མང་གཙོ་དང་རང་དབང་སླད་དུ་སྐད་འབོད་གནང་བཞིན་པར། རྒྱ་ནག་གཞུང་གིས་དྲག་གནོན་བྱས་དང་བྱེད་བཞིན་ཡོད་སྟབས། རྒྱལ་ཚོགས་ཀྱི་རང་དབང་གི་ཆེད་མཁས་པ་གྲངས་ ༥༠ ཙམ་ནས་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད།
དེ་བཞིན་རྒྱ་ནག་ནང་གི་གསར་འགོད་པ་དང་འཕྲོད་ལས་པ་སོགས་ནས་ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་དུ་འགྲོ་བཞིན་པའི་སྐོར་དྲ་ཐོག་སྟེང་སོ་སོའི་སྨྲ་བརྗོད་རང་དབང་ལོངས་སུ་སྤྱད་དེ་གླེང་སློང་གནང་སྐབས། རྒྱ་ནག་གཞུང་གིས་དེ་དག་དཀྲོག་གཏམ་དུ་བརྩིས་ཏེ་ཁོང་ཚོའི་ཐོག་དྲག་གནོན་བྱེད་བཞིན་ཡོད།
རྒྱལ་ཚོགས་ཀྱི་ཆེད་མཁས་པ་དེ་དག་གིས། རྒྱ་ནག་གཞུང་ལ་བོད་དང་། ཧོང་ཀོང་། ཤར་ཏུར་ཀི་སི་ཐན་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་རྒྱལ་སྤྱིའི་ཁྲིམས་ལ་བརྩི་སྲུང་ཞུ་དགོས་པའི་འབོད་སྐུལ་གནང་ཡོད་པ་མ་ཟད། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་དང་རྒྱལ་སྤྱིའི་ཚོགས་སྡེ་ཐུན་མོང་ནས་ཀྱང་དེ་ལྟར་རྒྱ་ནག་གཞུང་ལ་འབོད་སྐུལ་གནང་དགོས་པའི་སྐོར་གསུངས།
འདས་པའི་ལོ་ངོ་ ༡༠ ནང་རྒྱལ་ཚོགས་ཀྱི་ཆེད་མཁས་པ་གྲངས་ ༥ རྒྱ་ནག་ལ་བསྐྱོད་ཡོད་པ་མ་གཏོགས་བོད་ལ་གཅིག་ཀྱང་ཕེབས་མེད་སྟབས། དངོས་ཡོད་གནས་ཚུལ་རྟོག་ཞིབ་སླད་རྒྱལ་ཚོགས་ཀྱི་ཆེད་མཁས་པ་རྣམ་པས་རྒྱ་ནག་གཞུང་ལ་རྒྱལ་ཚོགས་ཀྱི་ཆེད་མཁས་པ་རྣམས་གདན་འདྲེན་ཞུ་དགོས་པའི་འབོད་སྐུལ་ཡང་གནང་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་རྣམས་སྲུང་སྐྱོབ་དང་། དེ་བཞིན་རྒྱལ་ཚོགས་ཀྱི་ཆེད་མཁས་པས་རྒྱ་ནག་གི་མི་སེར་དཀྱུས་མ་རྣམས་ཐུག་འཕྲད་གནང་བ་ཡིན་ན། རྒྱ་ནག་གཞུང་གིས་མི་སེར་དཀྱུས་མ་དེ་དག་ལའང་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་གནང་།།