ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༩ རེས་གཟའ་མིག་དམར།
༄༅། །ལོ་གཅིག་ཐེངས་གཅིག་འཚོག་བཞིན་པའི་རྒྱ་ནག་གི་ཚོགས་ཆེན་གཉིས་ཟེར་བ་དེ་ནང་རྩོད་ཕྱི་འཁྲུག་གི་ཁྲོད་དུ་མཇུག་སྒྲིལ་བ་རེད། དེ་ཡང་ཚོགས་ཆེན་གཉིས་ཞེས་པ་ནི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་ལ་ཟེར། ནམ་རྒྱུན་སྲིད་གྲོས་དང་དམངས་འཐུས་ཚོགས་ཆེན་ནམ་ཚོགས་འདུ་གཉིས་ཞེས་རྗོད་བཞིན་ཡོད། ཆབ་སྲིད་གྲོས་མོལ་ཚོགས་འདུ་ཞེས་པ་ནི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་རྩ་འཛུགས་ཤིག་ཡིན་ཞིང་། དེའི་ཨུ་ཡོན་ནི་གདན་འདྲེན་ཞུས་ནས་བྱུང་བ་དང་། སྐབས་འདིར་ཁྱོན་བསྡོམས་ཨུ་ཡོན ༢༢༣༧ གདན་འདྲེན་ཞུས། མི་དམངས་འཐུས་ཚོགས་ནི་རྒྱལ་ཁབ་ཀྱི་དབང་ཆའི་ལས་ཁུངས་ཡིན་པ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཙོ་སྐྱོང་འོག་བདམས་ཐོན་བྱས་པ་ལས་བྱུང་བ་ཞིག་ཡིན་ཟེར། སྐབས་འདིའི་དམངས་འཐུས་ཚོགས་ཆེན་ལ་ཁྱོན་བསྡོམས་འཐུས་མི་ ༢༩༨༧ ཡོད་ཚུལ་བཤད། སྲིད་གྲོས་དང་མི་དམངས་འཐུས་ཚོགས་ཀྱི་འགན་འཛིན་ཡུན་ཚད་ལོ་ལྔ་རེ་ཡིན་པ་དང་། སྐབས་དང་པོའི་སྲིད་གྲོས་ཚོགས་ཆེན་ནི་སྤྱི་ལོ་ ༡༩༤༩ ལོར་འཚོགས། དམངས་འཐུས་ཚོགས་ཆེན་སྐབས་དང་པོ་སྤྱི་ལོ་ ༡༩༥༤ ལོར་འཚོགས་འདུག འདི་གཉིས་དབར་སྔོན་རྗེས་ལོ་ལྔའི་ཁྱད་པར་འདུག ད་ལྟ་རྒྱ་ནག་གི་སྲིད་གྲོས་དང་དམངས་འཐུས་ཚོན་ཆེན་གཉིས་སྐབས་བཅུ་གསུམ་པར་སླེབས། སྤྱིར་བཏང་རྒྱ་ནག་གི་ཚོགས་འདུ་འདི་གཉིས་ལ་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་གལ་ཆེན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་མ་ཟད། ཚོགས་ཡུན་ཡང་བདུན་ཕྲག་གཉིས་ཙམ་ཡིན་ཞིང་། འདི་ལོར་གཙོ་བོ་ཏོག་དབྱིབས་རིམས་ནད་ཀྱི་རྐྱེན་པས་ཚོགས་འདུ་ཕྱིར་འགྱངས་ཟླ་གཉིས་དང་ཕྱེད་ཙམ་བྱས་ཡོད་པ་མ་ཟད། ཚོགས་ཡུན་ཉིན་བཞི་དང་ཕྱེད་ཐུང་དུ་བཏང་ནས་བསྡོམས་ཉིན་བརྒྱད་ལ་འཚོགས།
འོ་ན་ཚོགས་འདུ་གཉིས་འཚོགས་དགོས་པའི་དོན་སྙིང་ཅི་ཡིན་ཞེ་ན། དེ་ཡང་རྒྱ་ནག་གི་རྩ་ཁྲིམས་ལྟར་ན། “ཚོགས་ཆེན་གཉིས”ཀྱི་འཐུས་མིས་མི་དམངས་ཀྱི་ཁྲོད་ནས་ཐོབ་པའི་ཆ་འཕྲིན་དང་བླང་བྱ་འཚོལ་སྡུད་དང་ལེགས་སྒྲིག་བྱས་ནས་ཏང་ཀྲུང་དབྱང་ལ་བརྒྱུད་བསྒྲགས་བྱེད་དགོས་ཟེར་བ་དང་། “ཚོགས་ཆེན་གཉིས”ཀྱི་འཐུས་མི་ནི་རྒྱ་ཆེའི་འདེམས་དམངས ཀྱི་ཁེ་ཕན་མཚོན་ཡོད། ཅེས་བཤད་ཡོད། འདི་ནི་ཁྲིམས་ཐོག་ནས་ཀྱང་ཁས་ལེན་དགོས་པའི་ཚོགས་ཆེན་གཉིས་ཀྱི་དོན་སྙིང་ཡིན།
འོན་ཀྱང་དོན་དགོས་ཀྱི་གནས་ཚུལ་རྒྱ་ནག་གི་སྲིད་གྲོས་ཨུ་ཡོན་དང་མི་དམངས་ཀྱི་འཐུས་མི་ཞེས་པ་ནི་མི་དམངས་ཀྱི་བསམ་འཆར་དང་བླང་བྱ་དབུས་སྲིད་གཞུང་ལ་བརྒྱུད་བསྒྲགས་བྱེད་མཁན་དང་། འདེམས་དམངས་ཀྱི་ཁེ་ཕན་སྒྲུབ་མཁན་ཞིག་རེད་དམ་ཞེ་ན། དེ་གཏན་ནས་མ་རེད་ཟེར་ཆོག དེ་ལས་ལྡོག་སྟེ་མི་དམངས་འཐུས་མི་དང་སྲིད་གྲོས་ཨུ་ཡོན་ཞེས་པ་རྣམས་ནི་མིང་རྫིག་པོ་འཁྱེར་ནས་དམར་ཤོག་སྲིད་དབང་གི་ཁེ་ཕན་ཁོ་ན་སྒྲུབ་མཁན་དང་། དབང་སྒྱུར་གྲལ་རིམ་ལ་ཞབས་འདེགས་ཞུ་བའི་ལག་ཆ་ལྟ་བུ་རེད་འདུག
དེ་ཡང་རྒྱལ་ཡོངས་སྲིད་གྲོས་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་སྲིད་གྲོས་ཨུ་ཡོན་དང་། འཐུས་ཚོགས་འཐུས་མི་དངོས་སུ་ཞུགས་མཁན་ཁྱོན་བསྡོམ་ལྔ་སྟོང་ཉིས་བརྒྱ་ལྷག་ཡོད་པའི་ནང་། གྲངས་ཉུང་མི་རིགས་ཀྱི་འཐུས་མི་ ༣༦༠ ཡས་མས་ཡོད་དགོས། ཡིན་ཡང་དོན་དངོས་ཐོག་གྲངས་ཉུང་མི་རིགས་ཀྱི་འཐུས་མི་ ༣༢༡ ལས་མི་འདུག སྤྱིའི་འཐུས་མིའི་མི་གྲངས་ཀྱི ༡༡.༡༢% ཙམ་རེད། འདིར་ཡིག་ཚོགས་མང་དོགས་ཀྱིས་མི་གྲངས་མང་ཤོས་ཀྱི་གྲངས་ཉུང་མི་རིགས་ལྔ་དང་མི་གྲངས་ཆེས་ཉུང་ཤོས་མི་རིགས་གཅིག་གི་གནས་ཚུལ་ལས་འགོད་རྩིས་མེད་ན། ཀྲོང་རིགས་ལ་འཐུས་མི་ ༤༤ དང་། ཁ་ཆེ་རིགས་ལ་ ༣༧ ། ཡུ་གུར་རིགས་ལ་ ༢༢ ། བོད་རིགས་ལ ༢༦ ། སོག་རིགས་ལ་ ༢༤ ། ཐཱ་ཐཱ་ཨར་རིགས་ལ་འཐུས་མི་ ༡ བཅས་ཀྱི་མི་གྲངས་བགོ་བཤའ་བརྒྱབ། བློ་ཕམ་གྱི་གནས་ཤིག་སྟེ་ཐེངས་འདིའི་ཚོགས་ཆེན་གཉིས་ཀྱི་ཐོག་འཐུས་མི་དང་ཨུ་ཡོན་ལྔ་སྟོང་ལྷག་ལས་གྲངས་ཉུང་མི་རིགས་ཀྱི་གནད་དོན་གྲོས་གཞིར་འདོན་མཁན་འཐུས་མི་གསུམ་ལས་བྱུང་མི་འདུག དེ་ཡང་ཀོང་ཤིས་ཀྲོང་རིགས་ཀྱི་འཐུས་མི་ཧྥན་དབྱི་ཕིང་གིས་ཚོགས་ཐོག་ནས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་དགོས་པའི་གྲོས་འགོ་བཏོན། དེ་བཞིན་འཐུས་མི་ཧྲ་ཧྥེང་དང་མཱ་ཧྥུ་ཁྲང་གཉིས་ཀྱིས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྐད་གཉིས་༼རྒྱ་སྐད་དང་བོད་སྐད།༽ཀྱི་ཁྲིམས་ལུགས་ཤེས་ལྡན་མི་སྣ་གསོ་སྐྱོང་དགོས་པའི་གྲོས་འགོ་བཏོན་འདུག དེ་མིན་བོད་རིགས་དང་། སོག་རིགས། ཡུ་གུར་རིགས་སོགས་གྲངས་ཉུང་མི་རིགས་གྲགས་ཅན་འདི་གསུམ་གྱི་འཐུས་མི་སུས་ཀྱང་མི་རིགས་ཀྱི་གནད་དོན་ཐད་གྲོས་འགོ་ཚིག་གཅིག་བཏོན་མ་སོང་། དོན་དངོས་ཐོག་བཤད་ན། གོང་གི་མི་རིགས་འདི་གསུམ་གྱི་འཐུས་མིས་སོ་སོའི་མི་རིགས་ལ་འཕྲད་པའི་དཀའ་ངལ་དང་། མདུན་དུ་ལྷག་པའི་གནད་དོན། མངོན་མེད་ཉམས་ཉེན་སོགས། དཔེར་ན་མི་རིགས་ཀྱི་སྐད་ཡིག་རིག་གཞུང་ལ་འཕྲད་པའི་ཉེན་ཁ། ཆོས་ལུགས་དད་མོས་རང་དབང་མེད་པ། སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་ཐེབས་པ། མི་རིགས་མཐོང་ཆུང་གི་གནད་དོན་བྱུང་དང་འབྱུང་བཞིན་པ། དེ་ལས་གལ་ཆེ་བ་ཞིག་སྟེ་མི་རིགས་ས་ཁུལ་རང་སྐྱོང་གི་བཅའ་ཁྲིམས་ལག་བསྟར་གཏན་ནས་བྱེད་ཐུབ་ཀྱི་མེད་པ་ལ་སོགས། རིམ་པ་བཞིན་གོང་གསལ་ལྟར་ཏང་ཀྲུང་དབྱང་ལ་བརྒྱུད་བསྒྲགས་བྱེད་དགོས། འོན་ཀྱང་བརྒྱུད་བསྒྲངས་ཚིག་གཅིག་བྱས་མེད། མི་རིགས་ལ་མངོན་སུམ་དུ་ཡུན་རིང་ལྷག་བསྡད་པའི་གནད་དོན་གལ་ཆེན་འདི་དག་བརྒྱུད་བསྒྲགས་བྱས་མེད་པ་དང་། བྱེད་མི་ཐུབ་པའི་རྒྱུ་མཚན་ཅི།
ཡང་གཅིག་བཤད་ན། མི་དམངས་འཐུས་མིས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་སྣ་ཚོགས་ཐོག་གཏམ་བཤད་བྱས་རིགས་དང་བརྡས་ཐག་བཅད་རིགས་ལ་བཅའ་ཁྲིམས་ཐོག་ནས་བདའ་འདེད་མི་བྱེད། བཅའ་ཁྲིམས་ནང་ད་དུང་། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་དང་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་འཐུས་མིའི་ཚོགས་ཆེན་རིམ་པ་ཁག་གི་འཐུས་མིས་རིམ་པ་དེ་གའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཀྲུའུ་ཞིའི་ཚོགས་པའི་བཀའ་འཁྲོལ་མ་བྱུང་ན། མི་དམངས་འཐུས་མིའི་ཚོགས་ཆེན་མི་འཚོག་པའི་རིང་། འཐུས་མི་འཛིན་བཟུང་ངམ་ཉེས་དོན་གྱི་འདྲི་གཅོད་སོགས་བྱེད་མི་ཆོག ཅེས་གསལ་ཡོད། ཡིན་ཡང་གྲངས་ཉུང་མི་རིགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་རྣམས་ལ་སྐུ་དབང་འདི་འདྲ་དམིགས་བསལ་ཡོད་ཀྱང་ཅི་ཡང་མི་སྨྲ་བའི་བརྟུལ་ཞུགས་སུ་གནས་པ་ནི་ཡ་མཚན་ཆེ།
ད་དུང་དེ་ལས་ལྡོག་སྟེ་གྲངས་ཉུང་མི་རིགས་ཀྱི་སྲིད་གྲོས་ཨུ་ཡོན་དང་འཐུས་མི་འགའ་ནི། རི་མགོ་མཐོན་པོའི་ཉི་མ་དེ་དྲོ་རོགས་མེད་པའི་གྲང་རོགས་ཟེར་བ་བཞིན་མི་རིགས་ལ་གཞོགས་འདེགས་བྱེད་རྒྱུ་ཕར་བཞག་སྤྱིའི་ཁེ་ཕན་ལ་གནོད་པའི་བྱ་སྤྱོད་སྤེལ་གྱིན་འདུག དཔེར་ན། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་པདྨ་འཕྲིན་ལས་༼ཁམས་སྟེང་ཆེན།༽དང་། བོད་རང་སྐྱོང་ལྗོངས་ཟེར་བའི་རྒྱལ་ཡོངས་འཐུས་མི་དབང་འདུས༼ཉིང་ཁྲི།༽ དེ་བཞིན་སྲིད་གྲོས་ཨུ་ཡོན་དག་གིས“མཐའ་སྐྱོང་བོད་བརྟན”ཟེར་བ་དང“སྤྱི་ཚོགས་བརྟན་ལྷིང་” ཏཱ་ལའི་རུ་ཚོགས་ལ་འགོག་ཟོན་རྡུང་རྡེག ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་དགོས་པ་སོགས་གཙིགས་སུ་བཟུང་ནས་བསམ་འཆར་བཏོན། དེ་བཞིན་མཚོ་སྔོན་གྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་མགོན་པོ་བཀྲ་ཤིས་༼མཚོ་སྔོན་དཔའ་ལུང་།༽ཀྱིས་མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་གསར་འཛུགས་བྱ་བ་རྒྱལ་ཁབ་ཀྱི་འཐབ་ཇུས་ནང་ལེན་དགོས་པའི་བསམ་འཆར་བཏོན། ཡང་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་རིན་ཆེན་རྒྱལ་༼མཚོ་སྔོན་ཆབ་ཆ།༽གྱིས་ན་གོར་མོ་ནས་ཁྲེང་ཏུའུ་བར་གྱི་ལྕགས་ལམ་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་སྔ་ཙམ་ནས་སྤེལ་དགོས་པའི་གྲོས་གཞི་བཏོན། སྐུ་ཞབས་རིན་ཆེན་རྒྱལ་ནི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཡིན་པ་མ་ཟད། རྒྱལ་ཡོངས་སྲིད་གྲོས་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་རེད། དེང་སྐབས་རྒྱ་ནག་ནང་མི་རིགས་ཀྱི་གནད་དོན་དང་ཆོས་ལུགས་དད་མོས་རང་དབང་བཅས་ཀྱི་གནད་དོན་ཚབས་ཆེན་ཡོད་པ་འཛམ་གླིང་ཡོངས་སུ་ས་རིས་ཐང་གསལ་ཡིན། ཁོས་སྤེལ་བའི་བྱ་སྤྱོད་འདི་དངོས་ནས་ས་ནས་རྡོ་འཐུས་ཏེ་རུམ་གྱི་བྲོ་ཟག་ཟེར་བའི་དཔེ་དང་ཀུན་ནས་མཚུངས། གོང་གི་གནས་ཚུལ་འདི་དག་ད་ལོའི་ཚོགས་ཆེན་གཉིས་ཀྱི་སྐབས་བྱུང་བ་ཁོ་ན་མ་རེད། འདི་ལྟ་བུའི་གནས་ཚུལ་ལྷག་བསྡད་པ་ནི་རྒྱ་ནག་གི་འཐུས་མི་དང་ཨུ་ཡོན་རྣམས་ཀྱི་རྒྱུན་རྣམ་ཞིག་རེད། དེ་ལྟར་ན་དོན་དངོས་ཐོག་འཐུས་མི་དང་ཨུ་ཡོན་འདི་དག་གི་འདེམས་དམངས་ཀྱི་ཁེ་ཕན་མཚོན་འདུག་གམ། མི་དམངས་ཀྱི་བླང་བྱ་དང་བསམ་འཆར་ངོ་མ་དེ་བརྒྱུད་བསྒྲགས་བྱས་འདུག་གམ།
དེ་མིན་ཐེངས་འདིའི་རྒྱལ་ཡོངས་སྲིད་གྲོས་དང་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པར་ཀུན་གྱིས་དོ་སྣང་བྱེད་ཡུལ་གཙོ་བོ་ཧོང་ཀོང་དང་འབྲེལ་བའི་རྒྱལ་ཁབ་བདེ་སྲུང་བཅའ་ཁྲིམས་ཞེས་པ་དེ་རེད། རྒྱལ་ཁབ་བདེ་སྲུང་བཅའ་ཁྲིམས་ཞེས་པ་འདིར་མི་རྣམས་ཀྱིས་བཟུང་བའི་ལྟ་ཚུལ་དང་སྟོན་པའི་རྣམ་འགྱུར་ནི་མཐའ་གཉིས་སུ་གྱེས་པ་ཞིག་རེད་འདུག རྒྱ་ནག་ཕྱོགས་གཏོགས་ནས་རྒྱལ་ཁབ་བདེ་སྲུང་བཅའ་ཁྲིམས་དེ་དགོས་ངེས་ཡིན་པ་དང་། རྒྱབ་སྐྱོར་ཡོད་ཚུལ་བཤད། ཅིག་ཤོས་དེས་ངོ་རྒོལ་དང་སྐྱོན་བརྗོད་ཆེན་པོ་བྱེད་བཞིན་ཡོད། ང་ཚོས་བལྟས་ན་ཧོང་ཀོང་དང་འབྲེལ་བའི་རྒྱལ་ཁབ་བདེ་སྲུང་བཅའ་ཁྲིམས་ཞེས་པ་ནི་རྒྱ་ནག་གཞུང་གིས་ཧོང་ཀོང་མི་དམངས་ཀྱི་སྐེ་ལ་བཙན་འགེལ་བྱས་པའི་ལྗིད་ཏིག་ཏིག་གི་ལྕགས་ཐག་ཅིག་རེད། ཁྲིམས་ཡིག་འདི་དང་སྔ་ལོར་བོད་ལ་བཙན་འགེལ་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཁྲིམས་ཡིག་ཅེས་པ་ནི་དུས་དང་རྣམ་པ་ཀུན་ཏུ་གཅིག་མཚུངས་རེད།
སྤྱིར་རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་བཅའ་ཁྲིམས་དང་ལག་བསྟར་བྱེད་བཞིན་གྱི་སྲིད་ཇུས་གཉིས་སྐབས་རེར་རྒྱབ་འགལ་དུ་འགྲོ་བཞིན་ཡོད་པ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་ཡང་འབྱེད་ན་རིགས་མི་འདྲ་བ་གཉིས་ཡོད། བཅའ་ཁྲིམས་ཁ་ཅིག་ཁ་གདངས་ནས་ཁྱབ་བསྒྲགས་ཁོ་ན་ཡིན་པ་དང་། ཡང་ཁ་ཅིག་ཁུ་སིམ་མེར་ལག་བསྟར་བྱེད་རྒྱུ་རེད། གང་ལྟར་འགྲོ་སྟངས་བྱེད་ལུགས་ཡ་མ་ཟུང་ཡིན། དེ་ཡང་བཅའ་ཁྲིམས་དང་སྲིད་ཇུས་གཉིས་འགལ་བ་ལྟག་སྤྲོད་དུ་སོང་བ་དཔེར་ན། མི་རིགས་ས་ཁུལ་རང་སྐྱོང་བཅའ་ཁྲིམས། དེའི་ལེའུ་གསུམ་པའི་དོན་ཚན་ ༢༡ ༢༢ ༢༣ ༢༤ ༢༥ སོགས་སུ་གྲངས་ཉུང་མི་རིགས་ས་ཁུལ་གྱི་དངོས་ཡོད་དང་མི་མཐུན་ན་གོང་གི་གཏན་འབེབས་བྱས་པའི་སྲིད་ཇུས་ལ་འགྱུར་བ་གཏོང་ཆོག་པ། མི་རིགས་ས་ཁུལ་དུ་གཞུང་སྤྱོད་སྐད་ཡིག་ས་ཁུལ་དེའི་སྐད་ཡིག་གཙོ་བོ་བྱེད་དགོས་པ། གྲངས་ཉུང་མི་རིགས་ས་ཁུལ་དུ་མི་རིགས་ཀྱི་ལས་བྱེད་པ་གསོ་སྐྱོང་དང་བསྐོ་གཞག་བྱེད་དགོས་པ། ཐ་ན་སྤྱི་བདེ་དམག་དཔུང་ཡང་མི་རིགས་ས་ཁུལ་དེས་སྒྲིག་འཛུགས་བྱེད་ཆོག ཡིན་ནའང་རྒྱ་ནག་གཞུང་གིས་བོད་ཁུལ་དུ་སྲིད་ཇུས་སྤེལ་ཡོང་དུས་ཁྲིམས་ལུགས་དེ་དང་རྒྱབ་འགལ་ཆགས་ཡོད། བོད་གཙོ་བྱས་པའི་མི་རིགས་ས་ཁུལ་དུ“ཕྱོགས་ཡོངས་ནས་སྤྱིའི་སྐད་༼རྒྱའི་སྐད་ཡིག༽སློབ་གསོ་ལ་ཤུགས་སྣོན་རྒྱག་དགོས”ཞེས་སྲིད་གཞུང་གིས་བརྒྱ་བཤད་སྟོང་བཤད་དང་ལག་བསྟར་བྱེད་བཞིན་པ་ནི། བོད་ཀྱི་སྐད་ཡིག་གཞུང་སྤྱོད་སྐད་ཡིག་བྱེད་རྒྱུ་ཕར་བཞག ཐ་ན་བོད་རིགས་ཀྱིས་བོད་སྐད་ཡིག་སློབ་སྦྱོང་བྱེད་པའི་དབང་ཆ་ཡང་མེད་པར་གཏོང་བཞིན་ཡོད། སྲིད་ཇུས་འདི་མི་རིགས་ས་ཁུལ་རང་སྐྱོང་བཅའ་ཁྲིམས་དང་རྦད་དེ་འགལ་བསྡད་ཡོད་པ་མངོན་གསལ་རེད།
དེ་བཞིན་གཏན་འབེབས་བྱས་པའི་བཅའ་ཁྲིམས་རིགས་མི་འདྲ་བ་གཉིས་ཏེ། དཔེར་ན《མི་རིགས་ས་ཁུལ་རང་སྐྱོང་བཅའ་ཁྲིམས།》《ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས།》ལ་སོགས་ནི་ཁ་གདངས་ནས་ཁྱབ་བསྒྲགས་ཁོ་ན་ལས་ལག་བསྟར་བྱེད་ཀྱི་མེད། 《མི་རིགས་ས་ཁུལ་རང་སྐྱོང་བཅའ་ཁྲིམས།》ལག་བསྟར་ཡོད་མེད་གོང་དུ་ཞུ་ཟིན། ཐེངས་འདིའི་དམངས་འཐུས་ཚོགས་ཆེན་ཐོག་སྲིད་བློན་ལིས་ཁི་ཆང་གིས་ཀྱང་སྲིད་གཞུང་གི་ལས་དོན་སྙན་ཞུ་སྐབས་ཞོར་དུ་“ང་ཚོས་མི་རིགས་ས་ཁུལ་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་་་་་་་” ཞེས་ཁྱབ་བསྒྲགས་ཐེངས་གཅིག་བྱས་སོང་། འདི་ལྟར་ཁྱབ་བསྒྲགས་ལས་ལག་བསྟར་མེད།《ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས།》ལ་མཚོན་ན། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཞེས་པ་ལོ་ལྔ་བཅུར་འགྱུར་བ་མེད་ཟེར་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཧོང་ཀོང་དུ་མི་སྤེལ་ཟེར་བ་སོགས་ནི་ཁྱབ་བསྒྲགས་ཙམ་ལས་ལག་བསྟར་བྱེད་ཀྱི་མེད། ཡང་ཁུ་སིམ་མེར་ལག་བསྟར་བྱེད་བཞིན་པའི་བཅའ་ཁྲིམས་སྲོལ་ཡིག་དག་ནི། དཔེར་ན་བོད་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག་དང་། ཉེ་ཆར་གཏན་འབེབས་བྱས་པའི་ཧོང་ཀོང་དང་འབྲེལ་བའི་རྒྱལ་ཁབ་བདེ་སྲུང་བཅའ་ཁྲིམས། འཇིགས་སྐུལ་ལ་རྒོལ་བའི་བཅའ་ཁྲིམས། ཁ་བྲལ་ལ་རྒོལ་བའི་བཅའ་ཁྲིམས། རྩྭ་ཐང་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་སོགས་ནི་ལག་བསྟར་བྱེད་ངེས་ཡིན། རྒྱུ་མཚན་ནི། བཅའ་ཁྲིམས་འདི་དག་གིས་རྒྱ་དམར་གཞུང་གི་ཁེ་ཕན་སྲུང་སྐྱོང་བྱེད་བཞིན་ཡོད་པས་ངེས་པར་དུ་ལག་བསྟར་བྱེད་ཀྱི་རེད། འོན་ཀྱང་གོང་གི་མི་རིགས་ས་ཁུལ་རང་སྐྱོང་བཅའ་ཁྲིམས་དང་ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས་སོགས་ནི་ཕ་རོལ་ལ་མགོ་སྐོར་གཏོང་བྱེད་ཀྱི་ཟོལ་སྦྱོར་བསླུ་བྲིད་སྙན་པའི་ཚིག་ཁོ་ན་ཡིན་པས་སོ།
མདོར་ན་རྒྱ་ནག་གི་སྲིད་གྲོས་དང་མི་དམངས་འཐུས་མི་ཚོགས་ཆེན་ཞེས་པ་ནི་རང་དབང་དམངས་གཙོའི་རྒྱལ་ཁབ་ཀྱི་གྲོས་ཚོགས་ཀྱི་ཚོགས་འདུ་དང་རྦད་དེ་མི་འདྲ། དམངས་གཙོ་རྒྱལ་ཁབ་ཀྱི་གྲོས་ཚོགས་ཚོགས་འདུ་ནི་མཐའ་གཅིག་ཏུ་མི་དམངས་ཀྱི་དོན་དང་། མི་དམངས་ཀྱི་ཆེད་དུ་ཡིན་ལ། དངོས་གནས་འདེམས་དམངས་ཀྱི་ཁེ་ཕན་མཚོན་བསྡད་ཡོད། འོན་ཀྱང་རྒྱ་ནག་གི་སྲིད་གྲོས་དང་མི་དམངས་འཐུས་མི་ཚོགས་ཆེན་ནི་མིང་དོན་མི་མཚུངས་པ་ཞིག་དང་། མཐར་གཏུགས་ནས་བཤད་ན། ཚོགས་ཆེན་གཉིས་ནི་ལུག་མགོ་བཀལ་ནས་ཁྱི་ཤ་འཚོང་བ། དེ་ནི་སྲིད་དབང་གི་ཁེ་ཕན་སྲུང་སྐྱོང་དང་། དབང་སྒྱུར་གྲལ་རིམ་ལ་བློ་འདོན་ཇུས་འགོད། སྲིད་དབང་སྒེར་གཅོད་ལ་ཞབས་འདེགས་ཞུ་སའི་སྡིངས་ཆ་དམིགས་བསལ་ཅན་ཞིག་རེད། དེར་བརྟེན་རྒྱ་ནག་མང་གཙོའི་ལམ་ལུགས་སུ་མ་བསྒྱུར་ན་སྲིད་གྲོས་ཨུ་ཡོན་དང་དམངས་འཐུས་ཟེར་བ་རྣམས་མི་དམངས་ཀྱི་སྐུ་ཚབ་རྩ་བ་ནས་བྱེད་མི་ཐུབ།
ཕྱི་དྲིལ་རྒྱ་ཡིག་ཚན་པ་ནས་སྤེལ།
༢༠༢༠ ལོའི་ཟླ་ ༦ ཚེས་ ༤ ལ།