ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༩ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༤ ཉིན་ཨི་ཊ་ལི་བོད་རིགས་མཐུན་ཚོགས་དང་། བོད་རིགས་སྤྱི་མཐུན་ཚོགས་པ་གཉིས་ཐུན་མོང་གིས་ཡུལ་དེའི་རྒྱལ་ས་རོམ་ནང་བོད་དོན་རྒྱབ་སྐྱོར་གྱི་རྔམ་སྟོན་ལས་འགུལ་ཞིག་སྤེལ་འདུག དེ་སྔ་ཕྱི་ལོ་ ༡༩༨༩ ལོར་རྒྱ་ནག་གི་རྒྱལ་ས་པེ་ཅིང་གནམ་སྡེ་སྒོ་མོའི་ཐང་ཆེན་དུ་དྲུག་བཞིའི་དོན་རྐྱེན་བྱུང་ནས་ལོ་ངོ་ ༣༡ འཁོར་བ་དང་བསྟུན། བོད་དོན་རྒྱབ་སྐྱོར་གྱི་རྔམ་སྟོན་ལས་འགུལ་ཐོག་དེ་སྔ་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་དུ་རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཏན་འཇགས་ཚོགས་ཆུང་ནང་ཨི་ཊ་ལིའི་གཞུང་ཚབ་གནང་མྱོང་མཁན་སྐུ་ཞབས་ཇུ་ལིའོ་ཏེར་ཛི་ Giulio Terzi མཆོག་མགྲོན་འབོད་གནང་བ་ལྟར་ཕེབས་ནས་བོད་དོན་རྒྱབ་སྐྱོར་གྱི་གཏམ་བཤད་ཤུགས་ཆེ་གནང་འདུག
དེ་ཡང་ཁོང་གིས་རྒྱ་ནག་དམར་ཤོག་ཚོགས་པས་མི་རིགས་རྩ་མེད་ཀྱི་སྲིད་བྱུས་ཐོག་མ་དེ་བོད་ནང་ལག་བསྟར་བྱས་ཡོད་པ་དང་། རྒྱ་ནག་གི་དབང་སྒྱུར་འོག་བོད་མི་ས་ཡ་གཅིག་ཙམ་གྱི་ཚེ་སྲོག་ཤོར་བ། བོད་ཀྱི་ཆོས་དང་རིག་གཞུང་ཁོར་ཡུག་དང་བཅས་པ་རྩ་མེད་གཏོང་ཐབས་བྱས་དང་བྱེད་བཞིན་པ། དགོན་པ་སྟོང་ཕྲག་མང་པོ་ཤུལ་མེད་དུ་བཏང་བ། བོད་ཀྱི་རང་བྱུང་ཁོར་ཡུག་བཤུ་གཞོག་བཏང་བ། གཏེར་ཁ་གང་བྱུང་སྔོག་འདོན་བྱེད་བཞིན་པ། རྡུལ་སྙིགས་གསོག་འཇོག་བྱས་པ། བོད་ཀྱི་གཙང་པོ་ཁག་ལ་ཆུ་མཛོད་ཚད་མེད་བརྒྱབ་པ། གཙང་ཆུ་ཁ་སྒྱུར་བྱས་པ། བོད་ནང་བཅིངས་བགྲོལ་དམག་མི་གཏན་འཇགས་མི་གྲངས་ ༥༠༠༠༠༠ བཞག་ཡོད་པ་བཅས་གསལ་འདོན་གནང་འདུག
ཕྱོགས་མཚུངས་གཞུང་ཚབ་པ་མཆོག་གིས་རྒྱ་ནག་གཞུང་གིས་བོད་ནང་རྒྱ་རིགས་ཕོན་ཆེ་གནས་སྤོ་བྱ་རྒྱུའི་སྲིད་བྱུས་མུ་མཐུད་ལག་བསྟར་བྱེད་བཞིན་ཡོད་པ་དང་། བོད་པའི་བུད་མེད་རྣམས་ལ་བཙན་གྱིས་སྐྱེ་སྒོ་བཀག་པ། བོད་ཀྱི་སྐད་ཡིག་ལ་དམ་བསྒྲགས་ཧ་ཅང་བྱས་པ། བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་བྱེད་སྒོར་དམ་བསྒྲགས་སུན་གཙེར་བཟོས་པ་སོགས་མདོར་ན་བོད་མི་རིགས་རིག་གཞུང་དང་བཅས་པར་རྩ་མེད་གཏོང་ཐབས་བྱེད་བཞིན་ཡོད་པ་གསུངས། གཞན་ཡང་ཧོང་ཀོང་གི་གནད་དོན་དང་སྦྲགས་གསུང་སྐབས་ཧོང་ཀོང་ཙམ་མིན་པར་ཐེ་ཝན་དང་ལྷོ་རྒྱ་ནག་རྒྱ་མཚོའི་ས་ཁུལ་གྱི་བདག་དབང་། དེ་བཞིན་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གཅིག་གིས་ས་མཚམས་ཀྱི་རྩོད་གཞི་སོགས་དཀའ་ངལ་དེ་དག་གི་རྩ་བ་ཐུག་ས་རྒྱ་ནག་དམར་པོའི་སྲིད་གཞུང་ཡིན་སྟབས། ཡུ་རོབ་སྤྱི་མཐུན་ཚོགས་པས་ད་ཆ་རྒྱ་ནག་དམར་པོའི་སྲིད་གཞུང་དང་བསྟུན་མཁས་ཀྱི་སྲིད་བྱུས་མཚམས་འཇོག་གནང་ནས་རྒྱལ་ཁབ་དེ་དག་རྡོག་བསྒྲིལ་ནས་རྒྱ་ནག་དམར་པོའི་གཞུང་ལ་མཐའ་གཅིག་ཏུ་ངོ་རྒོལ་ཤུགས་ཆེ་བྱེད་དགོས་པ་གསུངས།
གཞན་ཡང་ཁོང་གིས་ཨི་ཊ་ལིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་མར་ཀོ་པ་ནེ་ལ་ Marco Panella དམ་པ་མཆོག་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐུགས་འདྲིས་ཆེན་པོ་ཡོད་པ་དྲན་གསོ་ཞུས་ནས་དམ་པ་ཁོང་གིས་དེ་སྔ་ཕྱི་ལོ་ ༡༩༩༠ ཟླ་ ༦ ཚེས་ ༤ ཉིན་ཡུ་རོབ་གྲོས་ཚོགས་ནང་གཏམ་བཤད་གནང་སྐབས། འཛམ་གླིང་ཡོངས་ཀྱི་རྒྱ་ནག་དམར་པོའི་རྒྱ་སྐྱེད་རིང་ལུགས་ཀྱི་བསམ་བློར་དོགས་ཟོན་བྱེད་དགོས་པའི་ཉེན་བརྡ་བཏང་ཡོད་པ་དང་། ལོ་རྒྱུས་རང་བཞིན་གྱི་གོ་སྐབས་འདི་འདྲ་ཞིག་ང་ཚོས་ལོངས་སུ་སྤྱོད་མ་ཐུབ་ཚེ། ང་ཚོའི་རང་དབང་དང་ཐོབ་ཐང་ཡོངས་རྫོགས་ཤོར་ནའང་དེར་ཧང་སང་དགོས་པ་ཞིག་མིན། ཞེས་གསུང་པ་ལུང་འདྲེན་གནང་འདུག
སྐབས་དེར་ཨི་ཊ་ལིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Mr. Roberto Rampi དང་། གྲོས་ཚོགས་འོག་མའི་སྐུ་ཚབ་ Mr. Matteo Luigi Bianchi མཆོག དེ་བཞིན་ལྕམ་སྐུ་Mrs. Antonella Incerti མཆོག་དང་། སྐུ་ཞབས་ Mr. Alessandro Giglio Vigna མཆོག་བཅས་མཉམ་ཞུགས་གནང་འདུག དེ་ཡང་ཨི་ཊ་ལི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Mr. Claudio Cardelli ལགས་དང་། ཀུན་ཏུ་བཟང་པོ་བསྟི་གནས་ཁང་གི་འགན་འཛིན་ལྕམ་སྐུ་རོ་སན་ནཱ་ Ms. Rosanna ལགས། ས་གནས་བོད་ཀྱི་བུད་མེད་ཚོགས་པའི་ཚོགས་གཙོ་སོགས་ཀྱང་ལས་འགུལ་དེར་མཉམ་ཞུགས་གནང་འདུག
དེ་ཡང་སུད་སི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་ཀྱིས་ཐེངས་འདིར་ཏོག་དབྱིབས་གཉན་རིམས་ལ་བརྟེན་ནས་ས་མཚམས་སྒོ་བརྒྱབ་ནས་འགྲིམ་འགྲུལ་བྱེད་ས་མེད་སྟབས། ལས་འགུལ་ཐོག་བཅར་མ་ཐུབ་པ་དང་། གོ་སྐབས་དང་བསྟུན་ཨི་ཊ་ལིའི་མི་མང་ཧ་ཅང་མང་པོ་ཏོག་དབྱིབས་གཉན་རིམས་འོག་འདས་གྲོངས་སུ་གྱུར་བ་རྣམས་ཀྱི་ཤུལ་ལུས་ནང་མི་སྤུན་མཆེད་རྣམས་ལ་གདུང་སེམས་མཉམ་སྐྱེ་དང་མྱ་ངན་གུས་འདུད་ཀྱང་ཞུས་པ་མ་ཟད། ད་ལྟ་ནད་ཀྱིས་མནར་བཞིན་པ་རྣམས་མགྱོགས་མྱུར་དྲག་སྐྱེད་ཡོང་བའི་སྨོན་ལམ་ཡང་ཡོད་སྐོར་གསུང་པ་བཅས།།