ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡༩ རེས་གཟའ་པ་སངས།
༄༅། །རོང་བྲག་རྫོང་ཁོངས་སུ་ཆུ་བོ་འགག་སྟེ་གྲོང་ཚོ་དང་སློབ་གྲྭ། དགོན་པ་སོགས་ཉེན་ཁའི་གནས་སུ་ལྷུང་ཡོད་པ་མ་ཟད་མི་རྒྱུ་གཉིས་ལ་གནོད་འཚེ་ཐེབས་ཡོད་འདུག
དེ་ཡང་བོད་ཀྱི་དུས་བབ་ནང་གནས་ཚུལ་སྤེལ་གསལ་ལྟར་ན། སི་ཁྲོན་ཞིང་ཆེན་རོང་བྲག་རྫོང་ཁུལ་དུ་བསྟུད་མར་ཉིན་ཤས་རིང་ཆར་བ་བབས་པའི་རྐྱེན་གྱིས། ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡༧ ཉིན་གྱི་བོད་ནང་གི་ཞོགས་པ་ཆུ་ཚོད་ ༣།༣༠ ཡས་མས་སུ་རོང་བྲག་རྫོང་སྒོ་ལུང་གྲོང་རྡལ་མེ་ལུང་དུ་འདམ་རྡོ་ཉིལ་བ་དང་། ཨ་ཉག་གྲོང་སྡེའི་རི་དག་ཉིལ་ཏེ་ཅིན་ཁྲོན་ཆུ་བོ་འགག་ནས་འཁྱིལ་མཚོ་ཆགས་པར་བརྟེན། འཁྱིལ་མཚོའི་སྨད་རྒྱུད་ཀྱི་ཡུལ་ཚོ་དང་གྲོང་རྡལ་དྲུག་གི་གྲོང་ཚོ་ ༡༧ དང་། སློབ་གྲྭ་ ༤། འཕྲོད་བསྟེན་ཁང་ ༣ དགོན་སྡེ་ཁག་ ༢ བཅས་ཉེན་ཁར་ལྷུང་ཡོད་པ་དང་། མི་རྒྱུ་གཉིས་ལ་གནོད་པ་ཐེབས་ཡོད་འདུག
བོད་ནང་གི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ས་གནས་ཀྱི་གཞུང་ལམ་བཅད་པ་དང་གློག་ཆད་ཡོད་ཀྱང་། མི་རྒྱུ་ལ་གནོད་འཚེ་ག་འདྲ་ཐེབས་ཡོད་མེད་བཀོད་མི་འདུག་ཀྱང་། བརྒྱུད་ལམ་དུ་ཐོན་པའི་གནས་ཚུལ་ནང་ཡུལ་དངོས་ཀྱི་འདྲ་པར་མང་པོ་བཀོད་ཡོད་པའི་ནང་། གུ་དོག་པའི་ལུང་གཞུང་དུ་ཆགས་པའི་གྲོང་སྡེ་དེར་འདམ་ཆུས་ཁེངས་ཡོད་པ་མ་ཟད། ཞིང་ཁ་མང་པོ་ཆུས་དེད་པ་དང་། བོད་ལུགས་སྡོད་ཁང་རེ་ཟུང་ཆུས་བསྣུབས་ཏེ་ཁང་པའི་ཐོག་ཙམ་ལས་མཐོང་རྒྱུ་མེད་པ་ཆགས་འདུག་པ་མ་ཟད། གངས་ལྗོངས་ཉི་གཞོན་འཕྲིན་སྟེགས་ཀྱི་གནས་ཚུལ་ལྟར་ན། ཐོག་མའི་ཆར་མི་གྲངས་ ༡༥ ཙམ་ཉེན་ཁའི་ནང་ལྷུང་ཡོད་ནའང་། དེའི་ཁྲོད་མི་གྲངས་ ༨ ལ་མྱུར་སྐྱོབ་ཐུབ་ཡོད་པ་དང་། མི་གྲངས་ ༦ སྐྱོབ་བཞིན་ཡོད་པ། མི་གཅིག་རྙེད་མི་འདུག
བོད་ནང་གི་སྤྱི་སྟེགས་སྟེང་བཀོད་པའི་གནས་ཚུལ་ལྟར་ན། ཁུལ་དེར་འདམ་རྡོའི་ཆུ་རུད་ཀྱི་གནོད་སྐྱོན་བྱུང་རྗེས། རོང་བྲག་རྫོང་གིས་མྱུར་སྐྱོབ་ཀྱི་བྱ་འགུལ་མགོ་བཙུགས་ཡོད་པ་དང་། ཉེན་སེལ་བཀོད་འདོམས་ཚོགས་ཆུང་བཙུགས་ནས་མི་གྲངས་ ༢༠༠ ལྷག་གིས་ཉེན་སེལ་དང་འགྲིམ་འགྲུལ། སྨན་བཅོས་རོགས་སྐྱོབ་སོགས་མྱུར་སྐྱོབ་བྱེད་བཞིན་ཡོད་སྐོར་དང་། མི་གྲངས་ ༥ ལྷག་གིས་ཉེན་གཡོལ་བྱེད་ཀྱི་ཡོད་སྐོར་བཀོད་འདུག
ཕྱི་ལོ་ ༢༠༡༧ ཟླ་ ༦ ནང་དཀར་མཛེས་ཁུལ་རོང་བྲག་རྫོང་དུ་ལོ་ངོ་ ༦༠ ཚུན་དུ་བྱུང་མ་མྱོང་བའི་ཆུ་ལོག་གི་གནོད་སྐྱོན་ཆེན་པོ་ཞིག་བྱུང་ཡོད་པ་དང་། སྐབས་དེར་རྫོང་ཡོངས་ཀྱི་གྲོང་ཚོ་དང་གྲོང་རྡལ་ ༡༥ ལྷག་གི་དུད་ཚང་ ༦༠༠༠ ཙམ་གྱི་མི་འབོར་ཁྲི་ ༣ ཙམ་ལ་ཚད་མི་འདྲ་བའི་གནོད་འཚེ་ཕོག་ཡོད་པ་དང་། དེ་བཞིན་གྲོང་ཁུལ་གཙོ་བོའི་ཆུ་ལམ་སྲུང་རྩིག་དང་སྣུམ་མཛོད་སྲུང་ལྡེབས། ཆུ་སྙིགས་དྭངས་སེལ་བཟོ་གྲྭ། རྒྱལ་རོང་ཟམ་ཆེན་སོགས་ལ་གནོད་འཚེ་ཚབས་ཆེན་ཐེབས་ཡོད་པ་རེད། །