ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༥ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༥ ས་ག་ཟླ་བའི་དུས་ཆེན་ཁྱད་པར་ཅན་དང་བསྟུན་སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་དྲ་ལམ་བརྒྱུད་བྱང་སེམས་སྡོམ་པ་སྩལ། དེ་ཡང་ཐོག་མར་མགོན་པོ་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་ཆོས་གྲོགས་ཕོ་མོ་ཚང་མར་ལབ་ཡག་ལ། དེ་རིང་འདིར་བཅོམ་ལྡན་འདས་མངོན་པར་རྫོགས་པ་སངས་རྒྱས་པའི་དུས་ཚིགས་ཁྱད་པར་ཅན་ཞིག་ང་ཚོས་བརྩི་བཞིན་ཡོད། ང་ཚོ་སྟོན་པའི་རྗེས་སུ་འབྲང་མཁན་ཡིན་པར་བརྟེན་དུས་ཚིགས་ཁྱད་པར་ཅན་རྗེས་དྲན་བྱ་རྒྱུ་འདི་འབྲེལ་ཡོད་ཅིག་རེད། དེ་རིང་གི་དུས་འདིར་གཙོ་བོ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ལས་གཙོ་བོ་ཐུགས་རྒྱུད་ཀྱི་ཡོན་ཏན་རེད་འདུག དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་དབུ་མ་རྩ་བ་ཤེས་རབ་ཀྱི་མཇུག་དེར་སྟོན་པའི་བཀའ་དྲིན་དྲན་ནས་བསྟོད་ཕྱག་མཛད་པ་དེར། གང་གིས་ཐུགས་བརྩེས་ཉེར་བཟུང་ནས། །ལྟ་བ་ཐམས་ཅད་སྤངས་པའི་ཕྱིར། །དམ་པའི་ཆོས་ནི་སྟིན་མཛད་པ། །གོོ་ཏམ་དེ་ལ་ཕྱག་འཚལ་ལོ། ། ཞེས་ཐུགས་བརྩེ་བ་ཆེན་པོའི་གཞན་དབང་དུ་གྱུར་བའི་སྒོ་ནས་ང་ཚོ་གདུལ་བྱའི་རྒྱུད་ལ་ལྟ་མིན་གྱི་ཉོན་མོངས་དང་ཤེས་རབ་ཉོན་མོངས་ཅན་ཡོད་པའི་ནང་ནས་འགན་ལྗི་བ་དེ་ཤེས་རབ་ཉོན་མོངས་ཅན་རེད། དེ་སེལ་བར་ཡིན་ལུགས་ཀྱི་གནས་ཚུལ་སྟེང་ནས་ཤེས་རབ་ཉོན་མོངས་ཅན་དེ་སེལ་དགོས་པ་རེད། དེ་འདྲའི་སྒོ་ནས་མགོན་པོ་ཀླུ་སྒྲུབ་ཀྱིས་སྟོན་པར་བསྟོད་བསྔགས་གནང་ཡོད།
ཕྱོགས་མཚུངས་དཔལ་ལྡན་ཟླ་བ་གྲགས་པས་དབུ་མ་འཇུག་པའི་ནང་དུ། གང་ཕྱིར་རྩེ་ཉིད་རྒྱལ་བའི་ལོ་ཏོག་ཕུན་ཚོགས་འདིའི། །ས་བོན་དང་ནི་སྤེལ་ལ་ཆུ་འདྲ་ཡུན་རིང་དུ་། །ལོངས་སྤྱོད་གནས་ལ་སྨིན་པར་ལྟ་བུར་འདོད་གྱུར་པ། །དེ་ཕྱིར་བདག་གིས་ཐོག་མར་སྙིང་རྗེར་བསྟོད་པར་བགྱི། །ཞེས་སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་བའི་སྒོ་ནས་གདུལ་བྱར་ཕན་ཐོགས་མཛད་པ་ཞིག་ཡིན། དེའི་ཐོད་དེར། ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ཤིང་། །སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང་། །བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ། ། མངོན་པར་རྫོགས་པ་སངས་རྒྱས་ཀྱི་གོ་འཕང་ཐོབ་ཡག་དེ་གཙོ་བོ་སྙིང་རྗེ་ཆེན་པོ་རེད། ཤེས་རབ་ཀྱིས་བྱང་ཆུབ་ལ་དམིགས། སྙིང་རྗེས་སེམས་ཅན་ལ་དམིགས། ཞེས་གསུང་པ་ལྟར་བྱས་ནས་གང་ལྟར་དེ་ཁོ་ན་ཉིད་ཀྱི་ལྟ་བ་དེས་གྲོགས་བྱས་ནས་སྙིང་རྗེ་དེ་སེམས་ཅན་ཙམ་ལ་དམིགས་པའི་སྙིང་རྗེ། ཆོས་ལ་དམིགས་པའི་སྙིང་རྗེ། དེ་ཁོ་ན་ཉིད་ཀྱི་ལྟ་བ་དང་སྦྲེལ་བའི་སྙིང་རྗེ་གསུང་ཡོད། དེར་བརྟེན་ང་ཚོས་སྟོན་པ་རྗེས་དྲན་བྱ་རྒྱུ་གཙོ་བོ་དེ་ང་ཚོའི་ངོས་ནས་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ལ་ཡང་ཡང་བསམ་བློ་བཏང་ཐུབ་པ་བྱུང་ན་སྟོན་པའི་རྗེས་དྲན་མཆོག་འདི་རེད། སྟོན་པར་བཀའ་དྲིན་བསབ་རྒྱུ་མཆོག་ཀྱང་དེ་རང་རེད། དེ་རིང་ཁྱེད་ཚོས་སོ་སོའི་ས་གནས་སུ་མཆོད་འབུལ་རིགས་གནང་གི་ཡོད་ཤག་རེད། གཙོ་ཆེར་སྟོང་ཉིད་ཀྱི་ལྟ་བ་དང་འབྲེལ་བའི་བྱང་ཆུབ་ཀྱི་སེམས་ལ་བསམ་བློ་གཏོང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། དེ་རིང་འདིར་སེམས་བསྐྱེད་ཅིག་བྱེད་ན་བསམ་བྱུང་། ངོས་ཀྱིས་མར་འཆད་རྒྱུ་དེ་འདྲ་ཞིག་མིན་པར་ང་ཚོ་ཚང་མས་བྱ་རྒྱུ་རེད། འདིར་བརྙན་འཕྲིན་ལམ་ནས་ཉོན་མཁན་རིས་སུ་མ་ཆད་པའི་ཆོས་བརྒྱུད་ཚང་མས་དེ་རིང་སྟོན་པའི་རྗེས་དྲན་བྱེད་བཞིན་ཡོད་སྟབས། བྱང་ཆུབ་ཀྱི་སེམས་ལ་ཡག་པོ་བྱས་ནས་བསམ་བློ་ཐོང་། སྟོན་པའི་བཀའ་དྲིན་དྲན་པའི་སྒོ་ནས་སྟོན་པ་ཐུབ་པའི་དབང་པོའི་སྣང་བརྙན་སོ་སོའི་མདུན་དེར་ཡོད་བསམ་པ་དྲན་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་བྱ་རྒྱུ་ཡིན། ང་ཚོ་ཚང་མས་མཉམ་དུ་བྱ་རྒྱུ་མ་གཏོགས་ངོས་ཀྱིས་ཁྱེད་ཚོར་སེམས་བསྐྱེད་འབོག་ཆོག་བྱ་རྒྱུ་དེ་འདྲ་མིན། ང་ཚོ་ཚང་མ་གཅིག་པ་བྱས་ནས་བྱ་རྒྱུ་ཡིན། ངོས་ལ་མཚོན་ནའང་བཅོམ་ལྡན་འདས་ཀྱི་རྗེས་འབྲང་མཁན་དགེ་སློང་ཞིག་ཆགས་ཡོད། དགེ་སློང་གི་ཐོབ་ཐང་ཞིག་ཡོད་པ་མ་གཏོགས་གྲལ་འགོར་སྡོད་རྒྱུའི་ཐོབ་ཐང་མེད། སྤྱི་ཚོགས་ཀྱི་ལམ་ལུགས་དང་འབྲེལ་ནས་ཡོང་བ་ཞིག་མ་གཏོགས་དེ་ཙམ་གནད་འགག་མི་འདུག ང་ཚོ་ཚང་མ་འདྲ་མཉམ་གྲུ་བཞི་བྱས་ནས་སེམས་བསྐྱེད་བྱ་རྒྱུ་ཡིན། ཞེས་བཀའ་སློབ་སྩལ་རྗེས་རྒྱུན་ཆགས་གསུམ་པ་དང་ཡན་ལག་བདུན་པ་གསུང་འདོན་མཛད།
གདན་ས་གསུམ་གཙོ་བོར་གྱུར་བའི་རིས་མེད་ཀྱི་ཆོས་སྒར་ཁག་ནང་དུའང་ལོ་ལྟར་ས་ག་ཟླ་བའི་དུས་ཚིགས་སྐབས་སེམས་བསྐྱེད་གཟུང་ཡག་ཞིག་བྱས་པ་ཡིན་ན་ཡག་པོ་མེད་དམ་བསྙམས་བྱུང་། ངོས་རང་འབྱུང་འགྱུར་ལོ་ངི་ཉི་ཤུ་རྩ་གྲངས་རིང་ཕལ་ཆེར་འཚོ་རྒྱུ་རེད། དེར་བརྟེན་འབྱུང་འགྱུར་ལོ་ངོ་བཅོ་ལྔ་ཉི་ཤུའི་རིང་ལོ་སྟར་ཆགས་སུ་ས་ཟླའི་དུས་ཚིགས་ཁྱད་པར་ཅན་དང་བསྟུན་སེམས་བསྐྱེད་རེ་བྱས་པ་ཡིན་ན་ཡག་པོ་མེད་དམ་བསྙམས།
ཆོས་ཁས་ལེན་མིན་ཇི་ལྟར་ཡང་སེམས་པ་བཟང་པོ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སེམས་པ་བཟང་པོ་བྱས་ན་དུད་འགྲོ་ཚུན་ཆད་ཀྱིས་དགའ་མོས་བྱ་རྒྱུ་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ། །