ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡༢ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཀྱི་ཟུང་དྲུང་ཚེ་རིང་གཡུ་སྒྲོན་ལགས་དང་སྨན་པ་ཚེ་རིང་མཚམས་གཅོད་ལགས་རྣམ་གཉིས་ནས་འཛམ་གླིང་སྤྱི་དང་རྒྱ་བལ་འབྲུག་གསུམ་ནང་གནས་སྡོད་བྱེད་བཞིན་པའི་བཙན་བྱོལ་བོད་མིའི་གནས་སྟངས་སྐོར་གསར་འགོད་གསལ་བསྒྲགས་སྤེལ་དོན། འཛམ་གླིང་ཁྱོན་ཡོངས་ལ་ད་བར་ཏོག་དབྱིབས་གཉན་རིམས་ཕོག་པ་གྲངས་ ༧༡༤༥༥༣༩ བྱུང་ཡོད་པ་དང་། མི་གྲངས་༤༠༨༠༢༥ འདས་གྲོངས་སུ་གྱུར་འདུག་ཅེས་དང་། གཞན་ཡང་རྒྱ་གར་ནང་ད་ལྟ་ནད་ཡམས་ཀྱིས་མནར་བཞིན་པ་གྲངས་ ༡༣༧༤༤༨ བྱུང་ཡོད་པའི་ཁོངས་ནས་ནད་པ་གྲངས་༨༡༠༢ འདས་གྲོངས་སུ་གྱུར་ཡོད་པ་དང་། ནད་པ་༡༤༡༠༢༨ དྲག་སྐྱེད་བྱུང་ཡོད།
བལ་ཡུལ་ནང་ཁྱོན་ནད་གཞི་རྩད་ཆོད་པ་མི་གྲངས་༤༣༦༤ ཡོད་པ་ལས་ནད་པ་གྲངས་ ༦༧༤ དྲག་སྐྱེད་བྱུང་ཡོད་པ་དང་། མི་གྲངས་ ༡༥ འདས་གྲོངས་སུ་གྱུར་ཡོད། འབྲུག་ནང་ཁྱོན་ནད་གཞི་རྩད་ཆོད་པ་མི་གྲངས་ ༦༢ དང་མི་གྲངས་ ༡༨ དྲག་སྐྱེད་བྱུང་ཡོད། འདས་གྲོངས་སུ་གྱུར་བ་གཅིག་ཀྱང་བྱུང་མེད། བཙན་བྱོལ་བོད་མིའི་ཁྲོད་བདུན་ཕྲག་འདིའི་ནང་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་ཌལ་ཧོར་བོད་མིའི་གཞིས་ཆགས་དང་། རྒྱ་གར་གྱི་རྒྱལ་ས་ལྡི་ལི། ལ་དྭགས་བཅས་ནས་ཁྱོན་བོད་མི་གྲངས་ལྔ་ལ་ཏོག་དབྱིབས་གཉན་རིམས་ཕོག་པ་རྩད་གཅོད་བྱུང་ཡོད།
ཕྱོགས་མཚུངས་ཨ་རི་དང་ཡུ་རོབ་ཁུལ་དུ་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་ཇེ་ལེགས་ཏུ་འགྲོ་བཞིན་ཡོད་པས་བདུན་ཕྲག་འདིའི་ནང་ཕྱི་རྒྱལ་དུ་གནས་བཞུགས་བོད་མིའི་ཁྲོད་ནས་ནད་ཕོག་པའི་གནས་ཚུལ་གསར་པ་བྱུང་མེད།
རྒྱ་གར་ནང་ས་གནས་ཁག་ ༢༢ ནང་ཡོད་པའི་འགོག་དབྱེ་ཟུར་འཇོག་ཁང་དུ་གནས་བཞུགས་བོད་མི་གྲངས་༧༠༠ དང་། ས་གནས་ཁག་༡༥ ནང་ལོ་ན་ ༦༥ ཡན་སོན་པའི་བོད་མི་གྲངས་༡༨༠༥ ལ་གསོ་རིག་ལུས་སེམས་ནུས་གསོའི་སྨན་རིན་མེད་ཐོག་བགོ་འགྲེམས་གནང་ཡོད་པ་སོགས་གསུངས།།