ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༢༥ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༢༤ ཉིན་གྱི་དགོང་དྲོ་ཆུ་ཚོད་ ༨ ཐོག་རྒྱ་གར་གྱི་ The Public ཞེས་པའི་བརྙན་འཕྲིན་ཁང་གི་གསར་འགོད་པ་བགྲེས་པ་ཨ་ནྣཏ་ཝར་རྡན་སིངྒ་ Anand Vardhan Singh ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལ་བཅར་འདྲི་ཞུས་པ་ཁག་གཤམ་གསལ།
ཨ་ནྣཏ་ཝར་རྡན་སིངྒ། འཕགས་བོད་གཉིས་ཀྱི་འབྲེལ་ལམ་ནི་ཧ་ཅང་རྙིང་པ་རེད། ཕྱི་ལོ་ ༡༩༡༤ ལོར་སིམ་ལ་ཆིངས་ཡིག་བཞག་ཡོད། སྐབས་དེར་བོད་ནི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་དང་། རྒྱ་གར་ནི་ཨིན་ཇིའི་དབང་སྒྱུར་འོག་གནས་ཡོད། འདས་པའི་ལོ་ངོ་ ༦༠ རིང་རྣམ་པ་ཚོར་དཀའ་ངལ་འཕྲད་པ་ལྟར་ད་ཆ་ང་ཚོར་དཀའ་ངལ་འཕྲད་བཞིན་པའི་སྐོར་བཀའ་མོལ་ཞུ་བཞིན་ཡོད།
དཔལ་ལྡན་སྲིད་སྐྱོང་མཆོག སྐུ་ཉིད་ཀྱིས་འཕགས་བོད་གཉིས་ཀྱི་འབྲེལ་ལམ་ནི་ཕྱི་ལོ་ ༡༩༡༣་་༡༩༡༤ ཙམ་ནས་ཡོད་སྐོར་གསུང་སོང་། འོན་ཀྱང་འཕགས་བོད་གཉིས་ཀྱི་དབར་འབྲེལ་ལམ་གནའ་སྔ་མོ་ནས་བྱུང་ཡོད། དུས་རབས་ ༧་་༨ ནང་རྒྱ་གར་གྱི་དཔལ་ནཱ་ལེནྡྲའི་གཙུག་ལག་སློབ་གཉེར་ཁང་སོགས་ལ་བོད་ནས་མཁས་དབང་མང་པོ་ཞིག་ལེགས་སྦྱར་སྐད་སློབ་སྦྱོང་སླད་ཡོང་བ་དང་། རྒྱ་གར་ནས་ནང་ཆོས་སློབ་གཉེར་གནང་སྟེ་བོད་ནང་དར་སྤེལ་གནང་ཡོད། བོད་ལ་གནས་ཆེན་མ་ཕམ་གཡུ་མཚོ་དང་གངས་ཏེ་སེ་ཆགས་ཡོད་པ་མ་ཟད། གངས་ཏེ་སེ་ནི་ལྷ་དབང་ཕྱུག་ཆེན་པོ་དང་ལྷ་མོ་ཨུ་མ་གནས་ཡུལ་དུ་ངོས་འཛིན་ཞུ་བཞིན་ཡོད། ལོ་རྒྱུས་ཐོག་འཕགས་བོད་ཡུལ་གཉིས་དབར་ཆོས་དང་རིག་གཞུང་། སྐད་ཡིག་སོགས་ཀྱི་འབྲེལ་བ་ཧ་ཅང་གཏིང་ཟབ་ཡོད་པ་མ་ཟད། བོད་ཀྱི་གཙང་པོ་ཆེ་ཁག་རྒྱ་གར་ནང་ཡོང་གི་ཡོད། དེ་བཞིན་རྒྱ་གར་དང་པ་ཀི་སི་ཐན་དབར་དབྱུག་རྩེད་སྤོ་ལོ་འགྲན་སྡུར་སྐབས་བོད་མི་རྣམས་ནས་དུས་རྟག་ཏུ་རྒྱ་གར་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད།
ཨ་ནྣཏ་ཝར་རྡན་སིངྒ། སྐུ་ཉིད་ཀྱི་སར་ལོ་རྒྱུས་ཡིག་ཆ་ཡང་དག་པ་མང་དག་ཅིག་ཡོད་པ་དེ་དག་གཞི་ལ་བཞག་ནས་ལ་དྭགས་གྷལ་ཝན་ལུང་གཤོངས་སུ་འཕྲད་བཞིན་དཀའ་ངལ་དེ་སུའི་ཡིན་མིན་པའི་སྐོར་དགོངས་ཚུལ་གང་ཡོད་དམ།
དཔལ་ལྡན་སྲིད་སྐྱོང་མཆོག འདི་ནི་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་རེད། དུས་རབས་སོ་སོར་གནས་སྟངས་མི་འདྲ་བ་བཤད་ཀྱི་ཡོད། ལ་དྭགས་གྷལ་ཝན་ལུང་གཤོངས་ནི་རྒྱ་ནག་གི་མིན་པ་ཧ་ཅང་གསལ་པོ་རེད། འདི་ནི་འཕགས་བོད་གཉིས་ཀྱི་ས་མཚམས་རེད། སྔ་མོ་བོད་རང་བཙན་གཙང་མའི་རྒྱལ་ཁབ་ཡིན་སྐབས་འཕགས་བོད་གཉིས་ཀྱི་ས་མཚམས་ལ་མཚོན་ན། འཛམ་གླིང་ནང་ཆེས་ཞི་བདེ་བག་ཕེབས་ཀྱི་ས་ཁུལ་ཞིག་ཡིན། ལོ་ངོ་སྟོང་ཕྲག་རིང་ནས་ས་མཚམས་ཀྱི་རྩོད་གཞི་ཟེར་བ་དེ་འདྲ་མེད་པར་ཕན་ཚུན་འགྲུལ་བཞུད་སོགས་སྟབས་བདེའི་ངང་བྱེད་ཐུབ་ཀྱི་ཡོད། འཕགས་བོད་གཉིས་ཀྱི་ས་མཚམས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཆགས་པ་ནས་བཟུང་རྙོག་གླེང་འབྱུང་བཞིན་ཡོད།
ཨ་ནྣཏ་ཝར་རྡན་སིངྒ། ད་བར་བོད་རྒྱ་གྲོས་མོལ་ཐེངས་མང་བྱུང་ཡོད་ཀྱང་གྲུབ་འབྲས་གང་ཡང་ཐོན་མེད། ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་དམར་པོའི་སྲིད་གཞུང་གིས་རྒྱ་ནག་ཡོངས་ལ་དབང་སྒྱུར་བྱས་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་འདི་གསར་འཛུགས་བྱས་པ་ནས་བཟུང་རྒྱ་དཀར་ནག་གཉིས་དབར་གྲོལ་མོལ་འབྱུང་བཞིན་ཡོད། འོན་ཀྱང་ས་མཚམས་ཀྱི་དཀའ་ངལ་སེལ་ཐུབ་ཀྱི་མེད།
དཔལ་ལྡན་སྲིད་སྐྱོང་མཆོག རྒྱ་གར་དང་པ་ཀི་སི་ཐན་དབར་སིམ་ལར་བཞག་པའི་ཆིངས་ཡིག་སྐོར་ཚང་མས་ཤེས་ཀྱི་རེད། འོན་ཀྱང་ཤིང་སྟག་སིམ་ལའི་ཆིངས་ཡིག་སྐོར་མི་མང་པོ་ཞིག་གིས་དེ་ཙམ་ཤེས་ཀྱི་མེད། སིམ་ལར་བོད་དང་ཨིན་ཇིའི་ཆིངས་དོན་སྐུ་ཚབ་དབར་ཆིངས་ཡིག་བཞག་ཡོད། ཨིན་གཞུང་གི་སྐུ་ཚབ་སར་ཧན་རེག་མེཀ་མོ་ཧོན་ McMahon དང་། བོད་ཀྱི་སྐུ་ཚབ་བློན་ཆེན་བཤད་སྒྲ་རེད། སྐབས་དེར་རྒྱ་ནག་གི་སྐུ་ཚབ་ཀྱང་ཡོད། བོད་དང་ཨིན་གཞུང་སྐུ་ཚབ་འཐུས་མི་རྣམས་ཀྱིས་ཆིངས་ཡིག་ལ་མཚན་རྟགས་བཀོད་ཡོད་ཀྱང་རྒྱ་ནག་གཞུང་གི་སྐུ་ཚབ་འཐུས་མིས་ཆིངས་ཡིག་དེར་ངོས་ལེན་མ་བྱས་སྟབས་ས་རྟགས་བཀོད་མེད།
ཆིངས་ཡིག་དེ་བཞག་པ་དང་ལྷན་འཕགས་བོད་གཉིས་དབར་ཚོང་འབྲེལ་གྲོས་མཐུན་གན་ཡིག་ཞིག་ཀྱང་བཞག་སྟེ། ལོ་བཅུ་རེའི་མཚམས་སུ་ཆིངས་ཡིག་བསྐྱར་གསོ་གནང་སྲོལ་ཡོད་པ་རེད། ཕྱི་ལོ་ ༡༩༤༧ ལོར་རྒྱ་གར་ཨིན་ཇིའི་དབང་འོག་ནས་རང་བཙན་ཐོབ་པ་དང་། ཕྱི་ལོ་ ༡༩༥༤ ལོར་རྒྱ་ནག་ཏུ་རྒྱ་དཀར་ནག་གཉིས་དབར་དེ་སྔ་ ༡༩༡༤ ལོར་སིམ་ལར་བཞག་པའི་ཆིངས་ཡིག་དེར་བསྐྱར་གསོ་བྱས་པ་རེད། དེ་སྔ་བོད་རང་བཙན་ཡིན་སྐབས་རྒྱ་གར་གཞུང་གིས་བོད་གཞུང་དང་ལྷན་ཆིངས་ཡིག་བཞག་སྲོལ་ཡོད་ཀྱང་། རྒྱ་གར་གཞུང་གིས་ཕྱི་ལོ་ ༡༩༥༤ ལོར་རྒྱ་ནག་ཏུ་སིམ་ལའི་ཆིངས་ཡིག་ལ་བསྐྱར་གསོ་གནང་ནས་བསླབ་པ་ལྔའི་གྲོས་མཐུན་ནམ་ཧིན་སྐད་དུ་པན་ཆ་ཤཱི་ལ་ Panchsheel agreement ཞེས་པ་བཞག་ཡོད། བསླབ་པ་ལྔ་ཞེས་པའི་ཆིངས་ཡིག་གི་ནང་དོན་ལ་གཟིགས་པ་ཡིན་ན། འཕགས་བོད་ཡུལ་གཉིས་དབར་ཚོང་འབྲེལ་ས་མཚམས་ཚོད་འཛིན་དང་ཚོང་གི་འགྲོ་ལམ་གཏན་འབེབས་གནང་བ་ཞིག་ཡིན་ཞིང་། འབྲས་ལྗོངས་དང་རྒྱལ་རྩེ། ལྷ་ས་བཅས་བརྒྱུད་ནས་འཕགས་བོད་ཚོང་འབྲེལ་བཙུགས་པ་འཁོད་ཡོད།
རྒྱ་གར་གཞུང་གིས་ལོ་ངོ་ ༢༠ རིང་ཆིངས་ཡིག་དེར་བསྐྱར་ཞིབ་གང་ཡང་མི་དགོས་པའི་རེ་འདུན་བཏོན་ཡོད་ཀྱང་རྒྱ་ནག་གཞུང་གིས་དང་ཐོག་ལོ་ངོ་ལྔ་མ་གཏོགས་ཁས་ལེན་བྱས་མེད། འོན་ཀྱང་རྒྱ་གར་གཞུང་གིས་ཨུ་ཚུགས་མཐའ་སྐྱེལ་བྱས་རྐྱེན་ལོ་བརྒྱད་རིང་སྲུང་བརྩི་ཞུ་རྒྱུའི་ཁས་ལེན་བྱས་འདུག རྒྱ་ནག་གཞུང་གིས་དུས་སྐབས་དེ་ཙམ་ནས་ལོ་ལྔའི་རྗེས་བོད་ས་ཧམ་བཟུང་བྱ་རྒྱུ་དང་། ལོ་བརྒྱད་ཀྱི་རྗེས་རྒྱ་གར་ས་ཆ་ཧམ་བཟུང་བྱ་རྒྱུའི་འཆར་གཞི་བསྒྲིགས་ཟིན་པ་ཕྱིས་སུ་ར་འཕྲོད་ཐུབ་པ་བྱུང་ཡོད། གང་ཡིན་བརྗོད་ན་བསླབ་པ་ལྔའི་ཆིངས་ཡིག་དེར་དང་ཐོག་ལོ་ལྔའི་རིང་སྲུང་བརྩི་ཞུ་རྒྱུ་བྱས་པ་ཡིན་སྟབས། ཕྱི་ལོ་ ༡༩༥༤ ནས་ལོ་ལྔ་མར་བརྩིས་པ་ཡིན་ན་ ༡༩༥༩ འཁེལ་བ་རེད། དེ་ནས་ཕྱིས་སུ་རྒྱ་གར་གྱིས་ཨུ་ཚུགས་བྱས་རྐྱེན་ལོ་བརྒྱད་བར་ཁས་ལེན་བྱས་པ་དེར་གཞིགས་ཚེ་ཕྱི་ལོ་ ༡༩༥༤ ནས་ལོ་བརྒྱད་མར་བརྩིས་པ་ཡིན་ན་ཕྱི་ལོ་ ༡༩༦༢ ཏག་ཏག་འཁེལ་བ་རེད། ལོ་དེར་རྒྱ་ནག་གཞུང་གིས་རྒྱ་དཀར་གྱི་ས་མཚམས་སུ་བཙན་འཛུལ་བྱས་ནས་ཡུལ་གཉིས་དབར་དམག་འཁྲུག་བྱུང་ཡོད། དམག་འཁྲུག་དེ་ཡང་ཨ་རུ་ན་ཅལ་དང་གྷལ་ཝན་ལུང་གཤོངས་ནས་བྱས་པ་རེད། ད་ཆ་གྷལ་ཝན་ལུང་གཤོངས་སུ་དམག་འཁྲུག་འབྱུང་བཞིན་པ་འདི་ཕྱི་ལོ་ ༡༩༦༢ ལོའི་དམག་འཁྲུག་གི་ལེའུ་གཉིས་པ་རེད། ཅེས་སོགས་གསུངས། །