ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༨ རེས་གཟའ་ཟླ་བ།
༄༅། །རྒྱ་ནག་གྲོང་ཁྱེར་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཀྱིས་རྐྱེན་པས་བཙན་བྱོལ་བོད་མིའི་ཁྲོད་ད་བར་ལྡི་ལི་ནས་སྐྱེས་པ་རང་ལོ་ ༦༢ སོན་པ་ཞིག་དང་སྨན་ཞབས་པ་གཅིག ཁྱིམ་ཚང་གཅིག་གི་ནང་མི་གསུམ་དང་། ཌལ་ཧོར་ནས་བུད་མེད་རང་ལོ་ ༦༣ ཅན་ཞིག་དང་། སྐྱེས་པ་རང་ལོ་ ༤༧ ། ཊུ་ཊིང་ནས་སློབ་ཕྲུག་རང་ལོ་ ༡༢ ཅན་བཅས་ལ་ཏོག་དབྱིབས་གཉན་རིམས་ཕོག་ཡོད་པ་ར་འཕྲོད་བྱུང་འདུག དེ་དག་གི་ཁྲོད་ལྡི་ལི་ནས་སྐྱེས་པ་རང་ལོ་ ༦༢ སོན་པ་ཞིག་འདས་གྲོངས་སུ་ཕྱིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པ་དང་། བོད་མི་གཞན་ཏེ་ལྡི་ལིའི་སྨན་ཞབས་པ་དེ་དང་ཁྱིམ་ཚང་གཅིག་གི་ནང་མི་དེ་དག་དྲག་སྐྱེད་བྱུང་འདུག
དེ་མིན་གོང་གི་བོད་མི་དེ་དག་ལས་གཞན་གསུམ་པོ་ད་ཆ་ཏོག་དབྱིབས་གཉན་རིིམས་ཕོག་པ་ར་འཕྲོད་བྱུང་བ་ཙམ་མ་གཏོགས་ལུས་ཀྱི་ཚ་བ་འཕར་བ་སོགས་ཀྱི་ནད་རྟགས་གང་ཡང་ཐོན་མི་འདུག ད་བར་གཟུགས་གཞི་བདེ་ཐང་ངང་གནས་པའི་གནས་ཚུལ་འབྱོར་ཡོད།
བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་མཆོག་གིས་དེ་སྔོན་ཐེངས་མང་འབོད་སྐུལ་གནང་བ་མ་ཟད། ཐེངས་འདིར་སླར་ཡང་བོད་མི་ཚོར་ཉེན་བརྡའི་ཚུལ་དུ་གསུང་དོན། བོད་མི་སུ་འདྲ་ཞིག་རྒྱ་གར་གྱི་ས་གནས་གང་དུ་བཞུགས་ཡོད་ཀྱང་ད་ལྟའི་ཛ་དྲག་གི་དུས་སྐབས་ལ་བསམས་ནས་རང་གནས་སུ་བཞུགས་དགོས་པ་ལས་འགྲིམ་འགྲུལ་རིགས་རྩ་བ་ཉིད་ནས་གནང་མི་དགོས་པའི་འབད་བརྩོན་གནང་རོགས། ཞེས་ཛ་དྲག་གི་འབོད་སྐུལ་གནང་འདུག
སྤྱིར་བོད་མིའི་སྒྲིག་འཛུགས་ནས་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་ཞིག་གསར་བཙུགས་གནང་ཡོད་པ་མ་ཟད། རེས་གཟའ་མིག་དམར་དང་པ་སངས་ནམ་ཡིན་ལ་བཙན་བྱོལ་བོད་མིའི་ཁྲོད་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་སྔོན་འགོག་གི་ལས་དོན་ཇི་སྤེལ་སོགས་ཀྱི་ཐད་གོ་བསྡུར་གནང་དང་གནང་མུས་ཡིན་པ་བཅས། །