ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༣ རེས་གཟའ་ལྷག་པ།
༄༅། །ཉེ་ལམ་རྒྱ་གར་བྱང་ཕྱོགས་ལ་དྭགས་ཁུལ་གྱི་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་སུ་གྲགས་པ་དེར་རྒྱ་མིའི་དམག་མིས་སླར་ཡང་དཔུང་འཇུག་བྱས་རྐྱེན་ཕྱོགས་གཉིས་ཀྱི་དམག་མིའི་དབར་ལག་འཛིང་གཏོང་རེས་བྱས་ཡོད། གནད་དོན་དེར་གཞིགས་ཏེ་རྒྱ་གར་གྱི་གསར་ལས་ཁང་ཆེ་ཆུང་འདྲ་མིན་གྱིས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཀྱི་རྩོད་རྙོག་དང་འབྲེལ་གླེང་སློང་ཤུགས་ཆེ་བྱུང་ཡོད།
དེ་ཡང་ཕྱི་ཟླ་ ༦ ཚེས་ ༢ ཕྱེད་ཡོལ་དུ་ NewsX ཞེས་པའི་གསར་འགོད་པས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་ལྷན་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཀྱི་གླེང་གཞི་དང་། རྒྱ་ནག་གི་དབང་སྒྱུར་འོག་བོད་མིའི་གནས་སྟངས། རྒྱ་ནག་གཞུང་གིས་མ་འོངས་པར་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་༸སྐུའི་ཡང་སྲིད་ཐག་གཅོད་ཞུས་ཚེ་བོད་མི་ཚོས་དེར་ཁས་ལེན་ཞུ་མིན། རྒྱ་མི་རིགས་ཕོན་ཆེ་བོད་ནང་གནས་སྤོ་བྱས་པའི་རྗེས་འབྲས། བལ་ཡུལ་ནང་རྒྱ་ནག་གི་ཤུགས་རྐྱེན་ཇེ་ཆེར་འགྲོ་བཞིན་པའི་གནས་སྟངས་སོགས་དང་འབྲེལ་བའི་དྲི་བ་རྣམས་ལ་དཔལ་ལྡན་སྲིད་སྐྱོང་མཆོག་གི་ལན་འདེབས་ཁ་གསལ་གནང་འདུག
དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཉེ་ལམ་ལ་དྭགས་ས་ཁུལ་ནང་རྒྱ་མིའི་དམག་མིས་དཔུང་འཇུག་བྱས་པ་དེ་བོད་ལ་མཚོན་ན་ལོ་ངོ་ ༦༠ གོང་རྒྱ་ནག་དམར་པོའི་སྲིད་གཞུང་གིས་ཐོག་མར་བོད་མི་ཚོར་རོགས་རམ་བྱ་ཁུལ་གྱི་རྣམ་འགྱུར་འོག་གཞུང་ལམ་རྒྱ་སྐྱེད་དང་། སོ་ནམ་འདེབས་ལས་སོགས་ལ་མི་མང་དང་མཉམ་དུ་རྒྱ་དམག་ཚོས་ལག་སྦྲེལ་གྱིས་རོགས་རམ་བྱེད་ཁུལ་བྱས་ཀྱང་། མཐར་རྒྱ་ནག་ནས་དམག་མི་དང་མེ་མདའ། ལྕགས་ཁྲབ་འཁོར་ལོ་སོགས་འོར་འདྲེན་བྱས་ནས་བོད་ས་ཡོངས་རྫོགས་དབང་སྒྱུར་བྱས་ཚུལ།
དེང་སྐབས་རྒྱ་ནག་གཞུང་གིས་རྒྱུད་གཅིག་ལམ་གཅིག་ཟེར་བའི་ཚོང་འབྲེལ་སྲིད་བྱུས་གསར་པ་དེའི་འོག་རྒྱལ་ཁབ་མང་པོའི་ཆབ་སྲིད་དང་། དཔལ་འབྱོར་སོགས་ལ་དངོས་ཤུགས་བརྒྱུད་གསུམ་ནས་གནོན་ཤུགས་སྤྲད་ནས་སྲིད་དབང་རྒྱ་སྐྱེད་རིང་ལུགས་ཀྱི་དམིགས་ཡུལ་སྒྲུབ་ཐབས་བྱེད་བཞིན་ཡོད་པ། རྒྱ་གར་ནས་ཀྱང་བོད་དང་བོད་མིར་འཕྲད་བཞིན་པའི་དཀའ་ངལ་ལས་བློ་སྐྱེད་ལེན་དགོས་པ། བོད་ནང་གི་གནས་སྟངས་ལ་མཚོན་ན་རྒྱ་ནག་གཞུང་གིས་བོད་ནང་བོད་མིའི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག་བཅས་རྩ་མེད་བཟོ་བཞིན་པ་དང་། བོད་ནང་བོད་མི་ལས་རྒྱ་ཧན་མི་རིགས་མང་བ་གནས་སྤོ་བྱས་བཅུག་ནས་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ། བོད་ཀྱི་རང་བྱུང་ཁོར་ཡུག་ལ་བག་ཚ་སྤུ་ཙམ་མེད་པར་བཤུ་གཞོག་ཚད་མེད་བཏང་དང་གཏོང་བཞིན་པ་སོགས་ལ་བོད་མི་ཚོས་མ་བཟོད་པར་ཞི་རྒོལ་རྔམ་སྟོན་བྱེད་སྐབས་རྒྱ་མིའི་དྲག་ཆས་ཉེན་རྟོག་པས་ཡ་ང་སྙིང་རྗེ་སྤུ་ཙམ་མེད་པར་འཛིན་བཟུང་བཙན་ཁྲིད་དང་། རྡུང་འདེགས་ཚ་ནན་སོགས་བྱས་པར་བརྟེན་ད་ཆ་བོད་མི་རྣམས་འ་ཆད་འུ་ཐུག་གི་གནས་སུ་གྱར་ནས་ཕྱི་ལོ་ ༢༠༠༩ ནས་ད་བར་བོད་ནང་དུ་བོད་མི་སེར་སྐྱ་རྒན་གཞོན་ ༡༥༤ རང་ལུས་མེར་སྲེག་གི་ལམ་ནས་རྒྱ་ནག་གཞུང་ལ་ཞི་རྒོལ་རྔམ་སྟོན་གནང་ཡོད་སྐོར་དང་།
རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཐོག་བོད་ཀྱི་གནད་དོན་གསལ་དགོས་པ་ཧ་ཅང་གནད་འགག་ཆེན་པོ་ཆགས་ཡོད་པ་མ་ཟད། ད་ལྟའི་ས་མཚམས་ཀྱི་རྩོད་རྙོག་སེལ་དགོས་ན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཡུལ་དེ་བཞིན་འཚེ་མེད་ཞི་བའི་བསྟི་གནས་ཤིག་ཏུ་བསྒྱུར་ཐབས་མཛད་རྒྱུའི་དགོངས་བཞེས་དེ་དག་ཚུལ་བཞིན་ལག་བསྟར་ཡོང་བར་རྒྱ་གར་གཞུང་ནས་རམ་འདེགས་གནང་དགོས་སྐོར་དང་།
དེ་སྔ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་གིས་རྒྱ་ནག་འགོ་ཁྲིད་ཚོར་ཡིག་འབྲུ་ཁྲི་བདུན་གྱི་ཞུ་སྙན་ཕུལ་ནས་བོད་མིའི་དཀའ་སྡུག་གསལ་འདོན་གནང་ཡོད་སྐོར་སོགས་གསལ་བཤད་གནང་འདུག གསར་འགོད་པས་བོད་ནང་རྒྱ་ནག་གཞུང་གིས་འཛུགས་སྐྲུན་ལས་གཞི་ཇི་ལྟར་སྤེལ་བའི་སྐོར་གྱི་དྲི་བར་ལན་འདེབས་གནང་སྐབས་དཔལ་ལྡན་སྲིད་སྐྱོང་མཆོག་གིས། རྒྱ་ནག་དམར་པོའི་སྲིད་གཞུང་ནི་ཧ་ཅང་གཡོ་རྫུན་མཁས་ཤིང་། སྲིད་བྱུས་དེ་དག་ཐོག་མའི་ཆར་རྒྱ་དམར་གྱིས་བོད་སྨད་ཕྱོགས་ནས་བཙན་འཛུལ་བྱེད་སྐབས་དཔལ་འབྱོར་བསླུ་བྲིད་ཀྱི་སྲིད་བྱུས་ངན་པ་ཞིག་ལག་ལེན་བསྟར་ཏེ་ཉོ་ཚོང་དྲང་གཞག་བྱེད་ཁུལ་དང་། རྟ་ཁལ་ཁྲལ་འུལ་སོགས་ལ་གླ་རྔན་ཕངས་མེད་སྤྲད་སྟབས། རྒྱ་གུང་ཁྲན་དྲིན་ཆེན་ཕ་མ་རེད། དངུལ་དཱ་ཡན་ཆར་པ་འབབ་འབབ་རེད། ཅེས་པའི་གནས་ཚུལ་བྱུང་ཡོད། རྗེས་སུ་གདོང་རིས་ངོ་མ་དམར་རྗེན་དུ་བསྟན་ནས་བོད་ས་ཡོངས་རྫོགས་ལ་དབང་སྒྱུར་བྱས་ཡོད་སྐོར་སོགས་གསལ་བཤད་གནང་འདུག།