ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡༢ རེས་གཟའ་པ་སངས།
༄༅། །འདི་གར་བལ་ཡུལ་ནས་བཏང་གནས་ནང་འཁོད་དོན། དགོངས་མངའ་ལྟར་རྒྱ་ནག་གྲོང་ཁྱེར་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉེན་རིམས་ ༡༩ འདི་བཞིན་འཛམ་གླིང་ཁྱོན་ཡོངས་སུ་རྒྱ་ཁྱབ་ཇེ་ཆེར་སོང་ཡོད་པ་དང་བསྟུན། ད་བར་མི་སྲོག་འབུམ་ཕྲག་ཁ་ཤས་ཀྱི་ཚེ་སྲོག་ཤོར་ཡོད། ཛ་དྲག་གཉེན་རིམས་འདི་འགོག་ཐབས་སུ་འཛམ་གླིང་ས་ཕྱོགས་ཡོངས་སུ་སྔོན་འགོག་ལས་གཞི་འདྲ་མིན་དང་ཐེམ་སྤང་བཅས་ཀྱི་ཐོག་ནས་འབད་བརྩོན་ཅི་ཆེར་གནང་བཞིན་ཡོད།
བལ་ཡུལ་ནང་ཏོག་དབྱིབས་གཉན་རིམས་ ༡༩ ནད་གཞི་ཐོག་མ་དེ་རྒྱ་ནག་གྲོང་ཁྱེར་ཝུ་ཧན་ནས་ཀཐ་མན་གྲུར་འབྱོར་བའི་བལ་ཡུལ་མི་སེར་ཡིན་པའི་སློབ་ཕྲུག་ཅིག་ལ་ཕོག་ཡོད། གནས་སྟངས་ཉེན་ཚབས་དེ་དང་བསྟུན་བལ་གཞུང་གིས་ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༢༤ ནས་རྒྱལ་ཡོངས་སུ་ཐེམ་སྤང་བཀའ་རྒྱ་བཏང་འགོ་བཙུགས་ཡོད།
སྐྱབས་བཅོལ་བོད་མི་ཚོའི་སྔོན་འགོག་དང་ངལ་སེལ་ཆེད་དབུས་བོད་མིའི་སྒྲིག་འཛུགས་ནས་རྩ་འཛིན་བཀོད་ཁྱབ་གནང་ཡོད་པ་དང་། ཕྱོགས་མཚུངས་བལ་ཡུལ་དོན་གཅོད་མཆོག་གིས་དབུས་ཕྱོགས་མཐའ་ས་གནས་འགོ་འཛིན་དང་ལས་བྱེད་ཡོངས་ཀྱིས་འགན་ཁུར་ཆེ་བཞེས་འོག་བོད་མིའི་སྒྲིག་འཛུགས་ཀྱི་རྩ་འཛིན་བཀོད་ཁྱབ་རྩི་སྲུང་ཞུ་ཐུབ་པ་བྱུང་ཡོད་། བལ་ཡུལ་ནང་ཐེམ་སྤང་གི་གནས་སྟངས་འདིའི་འོག་བོད་མིའི་སྒྲིག་འཛུགས་ཀྱི་སྔ་རྗེས་ལམ་སྟོན་དགོངས་དོན་ས་གནས་འགོ་འཛིན་རྣམ་པས་འགན་ཁུར་ཆེ་བཞེས་ཀྱིས་ཁྱབ་ཁོངས་སོ་སོའི་ས་གནས་སུ་ཏོག་དབྱིབས་གཉེན་རིམས་སྔོན་འགོག་དང་། མི་མང་གི་དཀའ་སེལ་སླད་ལས་དོན་གོ་རྟོགས་ལས་འགུལ་རྒྱ་གང་ཆེ་སྤེལ་དང་སྤེལ་མུས་ཡིན། ད་ལྟའི་ཛ་དྲག་གནས་སྟངས་འདིའི་འོག་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་ལས་ཁུངས་ཁག་དང་། ལྷག་པར་བལ་ཡུལ་རྒྱལ་ས་དང་ཁ་འཐོར་ས་གནས་སུ་རྟེན་གཞི་བྱས་པའི་བོད་མིའི་ལས་ཁུངས་ཁག་སྒོ་བརྒྱབ་སྟེ་ལས་དོན་ཕལ་ཆེ་བ་ལས་བྱེད་རྣམས་ཀྱིས་རང་ཁྱིམ་ནས་གནང་ཡོད། ཉེ་ཆར་ཐེམ་སྤང་རིམ་བཞིན་ལྷོད་ཡངས་བཏང་ཡོད་པ་དང་བསྟུན་ལས་བྱེད་རྣམས་ལས་ཁུངས་ནས་ལས་དོན་བྱེད་བཞིན་ཡོད།
ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༢༣ ཉིན་བལ་ཡུལ་དོན་གཅོད་མཆོག་གི་ལམ་སྟོན་དབུ་ཁྲིད་འོག་ཏོག་དབྱིབས་གཉན་རིམས་སྔོན་འགོག་དང་མང་ཚོགས་ཀྱི་དཀའ་སེལ་ལས་དོན་ཁོ་ནའི་ཆེད་བལ་ཡུལ་དོན་གཅོད་དང་། ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་གཅིག ས་གནས་འགོ་འཛིན་རྣམ་པ། གངས་ཅན་བདེ་རྩའི་འཛིན་སྐྱོང་པ། འཕྲོད་བསྟེན་དང་ཤེས་རིག་ལས་འཛིན་པ། སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་བལ་ཡུལ་འབྲེལ་མཐུད་པ། བལ་ཡུལ་སྣེ་ལེན་ཁང་གི་འགན་འཛིན་བཅས་ལས་གྲུབ་པའི་ཏོག་དབྱིབས་གཉན་རིམས་ ༡༩ བལ་ཡུལ་བོད་མིའི་ལས་དོན་ཚོགས་ཆུང་ཞེས་ཆེས་མཐོའི་ཚོགས་ཆུང་ཞིག་ཐོག་མར་ཟུར་བཙུགས་གནང་བ་དང་འབྲེལ། བལ་ཡུལ་དོན་གཅོད་ཀྱི་གཙོ་སྐྱོང་འོག་བདུན་ཕྲག་རེར་རེས་གཟའ་ལྷག་པ་ནམ་ཡིན་ལ་ཚོགས་ཆུང་རྣམས་དྲ་ལམ་བརྒྱུད་ཚོགས་འཛོམས་ཐོག་ས་གནས་སོ་སོའི་ལས་བསྡོམས་སྙན་སྒྲོན་དང་དེ་འབྲེལ་བཀའ་བསྡུར་ཞུ་སྒོ་ཁག་ལྷུག་པོ་གནང་བཞིན་ཡོད།
སྤོག་ར་དང་ཀཐ་མན་གྲུ་བོད་མིའི་གཞིས་ཆགས་ཁག་ལ་ས་གནས་འགོ་འཛིན་གྱི་འགན་ཁུར་འོག་བདུན་རེར་ཚ་བ་བརྟག་ཞིབ་དང་གཙང་བཟོ་ཉུང་མཐར་ཐེངས་རེར་གནང་མུས་དང་། ཆབ་ཅིག་ཁྱབ་ཁོངས་མི་མང་རྣམས་ལ་དུས་ནས་དུས་སུ་ནད་ཡམས་སྔོན་འགོག་དང་རྩ་འཛིན་སོགས་ཀྱི་སྐོར་གོ་དཀོན་ལམ་སྟོན་ཞུ་སྒོ་ཁག་གནང་དང་གནང་མུས་སུ་ཡོད། དེ་དང་ཕྱོགས་མཚུངས་ས་གནས་འགོ་འཛིན་ལས་ཁུངས་ནས་སོ་སོའི་ཁྱབ་ཁོངས་མི་མང་སྤྱི་དང་། ལྷག་པར་ཉམ་ཐག་དཀའ་ངལ་ཆེ་འཕྲད་རིགས་བཅས་ལ་ཁ་རས་དང་། འཕྲོད་བསྟེན་ཡོ་བྱད། དེ་བཞིན་བཟའ་བཅའ་དང་སྐྱོབ་གསོ་སོགས་མདོར་ན་ངལ་སེལ་ལས་གཞི་རྒྱ་གང་ཆེ་སྤེལ་ཡོད།
སྤྱིར་མཐའ་མཚམས་དང་ས་ཁུག་ཏུ་གནས་པའི་བོད་མིའི་གཞིས་ཆགས་ཁག་གྲོང་ཁྱེར་ནས་གྱང་ཐག་ཧ་ཅང་རིང་སར་གནས་བའི་རྐྱེན་མ་ནང་དང་ནུབ་རི། གློ་ཚེ་རོག ཝ་ལུང་། ཤར་ཁུམ། ར་སུ་ཝ་བཅས་སུ་ད་ཡོད་ཐེམ་སྤང་གནས་སྟངས་འདིའི་རྐྱེན་པས་འཕྲོད་བསྟེན་དགོས་མཁོ་ཡོ་བྱད་སོགས་འདྲེན་གཏོང་ཞུ་ཐབས་བྲལ་ཡང་། ད་བར་གོང་གསལ་མཐའ་མཚམས་གཞིས་ཆགས་དེ་དག་ཏུ་ཏོག་དབྱིབས་གཉེན་རིམས་འོག་ཛ་དྲག་གནས་སྟངས་ནང་ལྷུང་མེད། གཞི་རྩའི་མཐའ་མཚམས་གཞིས་ཆགས་ཁག་ཏུ་ཕྱི་ནས་མི་ཡོང་མཁན་མེད་པ་དང་། གཞིས་ཆགས་ནས་གཞིས་མི་ཕྱི་རུ་འགྲོ་བསྐྱོད་མི་ཞུ་རྒྱུ་གཙོ་འདོན་གནང་བཞིན་པ་དེས་སྔོན་འགོག་ལས་དོན་ལ་ཕན་ཐོགས་ཆེན་པོ་འབྱུང་བཞིན་འདུག
གཏམ་བཟང་ཞིག་ལ་ད་བར་བལ་ཡུལ་ནང་ཏོག་དབྱིབས་གཉན་རིམས་ ༡༩ ནད་གཞི་ཕོག་པའི་བོད་མི་མི་གྲངས་གཅིག་ཀྱང་བྱུང་མེད་པའི་ལས་སྡོམས་སྙིང་བསྡུས་སུ།