ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༢ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༢ རེས་གཟའ་མིག་དམར་ཉིན་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དབུ་བཞུགས་ཐོག་ལས་ཁུངས་ཁག་གི་དྲུང་ཆེ་སོགས་ལྷན་འཛོམས་ཀྱིས་བདུན་ཕྲག་འདིའི་ནང་ཏོག་དབྱིབས་གཉན་རིམས་སྔོན་འགོག་གི་ལས་དོན་ཇི་སྤེལ་དཔལ་ལྡན་སྲིད་སྐྱོང་མཆོག་ལ་སྙན་སེང་སྐབས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་དོན། བཞུགས་སྒར་རྡ་ས་ནི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་སྒར་དང་། བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་ཤིག་ཡིན་སྟབས་རྒྱ་གར་གཞུང་གི་ལམ་སྟོན་ལས་ལྷག་པའི་སྒྲིག་འཛུགས་ཀྱི་ངོས་ནས་གཟབ་གཟབ་གནང་གི་ཡོད་པ་མ་ཟད། བོད་མི་ཚང་མས་ཀྱང་ཡིད་གཟབ་གནང་དགོས།
ཐེངས་འདིར་རྒྱ་གར་གཞུང་ནས་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་ལམ་སྟོན་བཀོད་ཁྱབ་ཇི་ལྟར་ཕེབས་ཡོད་ཀྱང་བོད་མིའི་སྒྲིག་འཛུགས་ནས་དེ་སྔོན་ལམ་སྟོན་གང་གནང་བ་ལྟར་དེ་དེ་བཞིན་ལག་བསྟར་གནང་རྒྱུ་དང་། གཞན་ཡང་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་བཙན་བྱོལ་བོད་མི་སློབ་གྲྭ་ཁག་སྒོ་བརྒྱག་དགོས་བྱུང་ཡོད་སྟབས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་གཞི་རིམ་ནས་འོག་མ་ནས་བཟུང་རྒན་པ་བར་དྲ་རྒྱའི་བརྒྱུད་ནས་སློབ་ཚན་འཁྲིད་གནང་ཡོད་པར་ཤེས་རིག་ལས་ཁུངས་ཀྱི་མགོ་ལས་ཡོངས་ལ་ཡི་རང་བསྔགས་བརྗོད་ཡོད། ཅེས་སོགས་དང་།
གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དབུས་ལས་ཁུངས་ཀྱི་སྲི་ཞུ་ལས་བྱེད་རྣམས་དེ་སྔོན་ཆུ་ཚོད་ ༨ ནས་ཕྱི་དྲོ་ ༤ བར་ལས་བཅར་ཞུ་བཞིན་ཡོད་སྟབས། ད་ཆ་ཀངྒར་རྫོང་ལས་ཁུངས་ནས་སྒོ་རྒྱ་བསྡམས་པའི་དུས་ཚོད་གུ་ཡངས་གནང་བར་བརྟེན་དབུས་ལས་ཁུངས་ཚུགས་གྲོལ་སྔར་རྒྱུན་ལྟར་སྔ་དྲོ་ཆུ་ཚོད་ ༩ ནས་ཕྱི་དྲོ་ ༥ བར་ཡིན་སྐོར་སོགས་གསུངས།
དེ་ནས་ཤེས་རིག་དྲུང་ཆེ་ཀརྨ་སེངྒ་ལགས་ཀྱིས། རྒྱ་གར་དབུས་གཞུང་ནས་ཕྱི་ཟླ་ ༦ པའི་ཟླ་དཀྱིལ་ཙམ་ནས་སློབ་གྲྭ་ཁག་སྒོ་ཕྱེ་རྒྱུའི་ལམ་སྟོན་གནང་རྒྱུའི་ཡིན་སྐོར་གསལ་བསྒྲགས་གནང་བ་ལྟར། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་དེའི་སྐོར་ཡོང་རྒྱུ་རེས་གཟའ་ཕུར་བུའི་ཉིན་སློབ་གྲྭ་ཁག་གི་འགན་འཛིན་ལྷན་དུ་དྲ་རྒྱའི་བརྒྱུད་ནས་ཚོགས་འདུ་བསྐོང་ཚོགས་ཡིན་སྐོར་དང་། དེ་འབྲེལ་འཛིན་རིམ་བཅུ་གཉིས་སློབ་ཚན་གཅིག་ཡིག་རྒྱུགས་གཏང་རྒྱུ་ལྷག་ཡོད་སྟབས། དེར་ལམ་སྟོན་ཇི་ལྟར་གནང་དགོས་སྐོར་སོགས་གོ་བསྡུར་གནང་རྒྱུ་ཡིན་སྐོར་སོགས་དང་། གལ་ཏེ་སློབ་གྲྭ་སྒོ་ཕྱེ་ཚེ་ཐོག་མར་འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་སློབ་མ་བསྐོང་ཚོགས་གནང་རྒྱུ་སོགས་ཀྱི་ཐད་གོ་བསྡུར་གནང་བཞིན་ཡོད་སྐོར་སོགས་སྙན་སེང་ཞུས་པ་དང་།
གཞན་ཡང་དྲུང་ཆེས་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་རྒྱ་གར་རྒྱལ་ཡོངས་འགྲིམ་འགྲུལ་བཀག་སྡོམ་བྱས་པར་བརྟེན་རྡ་ས་བོད་ཁྱིམ་ཁྱབ་ཁོངས་སློབ་གྲྭ་ཁག་ ༧ དང་། སཾ་བྷོ་ཊའི་ཁྱབ་ཁོངས་སློབ་གྲྭ་ཁག་ ༤ ། མ་སུ་རི་བོད་ཁྱིམ་ཁྱབ་ཁོངས་སློབ་གྲྭ་ཁག་ ༣ ། བོད་སློབ་འཛིན་ཚོགས་ཁྱབ་ཁོངས་སློབ་ཁག་ ༥ བཅས་བཙན་བྱོལ་བོད་མིའི་གཏན་སློབ་ཁག་ ༡༩ ནང་སློབ་ཕྲུག་གྲངས་ ༩༢༤ རང་གནས་སུ་ལོག་མ་ཐུབ་པར་སློབ་གྲྭར་ལུས་ཡོད་པ་རྣམས་ལ་རོགས་སྐྱོར་སླད་ཤེས་རིག་ལས་ཁུངས་ནས་ཧིན་སྒོར་ ༡,༨༤༨,༠༠༠ ཐམ་པ་བགོ་འགྲེམས་ཞུས་ཡོད། ཅེས་གསུངས།
སྤྱིར་ད་ཆ་རྡ་ས་ཤུག་གསེབ་འགོག་དབྱེ་ཟུར་འཇོག་ཁང་དུ་མི་གྲངས་ ༡༨ དང་། དབུས་སྣེ་ལེན་འབྲེལ་མཐུད་ཁང་དུ་ཡོད་པའི་འགོག་དབྱེ་ཟུར་འཇོག་ཁང་དུ་མི་ ༤༥ དང་། ཤེས་རབ་དགའ་ཚལ་སློབ་གླིང་དུ་མི་གྲངས་ ༢༥ བཅས་ཡོད་འདུག་པ་བཅས། །