༢༠༢༠ ཟླ་ ༦ ཚེས་ ༡༨ རེས་གཟའ་ཕུར་བུ།
༄༅། །རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་གཉན་རིམས་རྒྱ་གར་ནང་ཉིན་རེ་བཞིན་ཁྱབ་གདལ་ཇེ་ཆེར་འགྲོ་བཞིན་ཡོད་སྟབས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ནད་ཡམས་སྔོན་འགོག་གི་ཚུལ་དུ་རྒྱ་གར་གཞུང་གི་མཐུན་འགྱུར་འོག་ས་གནས་རྫོང་ལས་ཁུངས་བརྒྱུད་བོད་མི་བདུན་བརྒྱ་ལྔ་བཅུར་བརྟག་དཔྱད་གནང་འདུག བོད་མིའི་སྤྱི་ཚོགས་ནང་དུ་ཏོག་དབྱིབས་གཉན་རིམས་ཕོག་མཁན་བོད་མི་གྲངས་ ༢༢ བྱུང་བའི་ཁྲོད་ནས་ད་ལྟ་ནད་པ་ ༡༣ དང་། དྲག་སྐྱེད་བྱུང་བ་ ༧ དང་། འདས་གྲོངས་ཕྱིན་པ་ ༢ རེད་འདུག རྒྱ་གར་ནང་གི་བོད་མི་བཙན་བྱོལ་བ་མི་གྲངས་ ༧༥༠ ལ་ཏོག་དབྱིབས་གཉན་རིམས་ཀྱི་ནད་རྟགས་ཡོད་མེད་བརྟག་དཔྱད་བྱེད་སྐབས་ནད་རྟགས་ཡོད་པ་བརྒྱ་ཆ་ 2.9 ཙམ་རེད་འདུག
ད་ལྟ་ཏོག་དབྱིབས་གཉན་རིམས་ཕོག་མཁན་བོད་མི་ ༡༣ དེ་དག་ནས་བོད་མི་ ༣ ལྡི་ལི་བསམ་ཡས་གླིང་Majnukatilla གཞིས་ཆགས་ནས་ཡིན་ཞིང་། ལ་དྭགས་བསོད་ནམས་གླིང་གཞིས་ཆགས་ནས་ ༩ དང་། མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ནས་བོད་མི་ ༡ བཅས་ཡིན་འདུག བོད་མི་དེ་དག་ལ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་སྔོན་འགོག་ཆེད་འཛུགས་ལས་དོན་ཚོགས་ཆུང་གི་ས་གནས་འཕྲོད་ལས་པ་ཚོས་དོ་ནན་ཐོག་བརྟག་དཔྱད་གནང་མུས་ཡིན་སྟབས་ད་ལྟའི་ཆར་མི་གྲངས་ཁོང་ཚོའི་གནས་སྟངས་ཇེ་སྡུག་ཏུ་མ་སོང་བར་རང་འཇགས་ཡིན་པ་བརྗོད་ཀྱི་འདུག
ད་ཆ་རྒྱ་གར་ནང་གུ་ཡངས་རིམ་པ་དང་པོ་ unlock phase-1 གཏོང་སྐབས་ཏོག་དབྱིབས་གཉན་རིམས་ཕོག་པའི་ནད་པའི་གྲངས་ཚད་ཉིན་རེ་བཞིན་འཕར་བཞིན་ཡོད། དེར་བརྟེན་བོད་མིའི་སྒྲིག་འཛུགས་ཀྱིས་འཛམ་གླིང་གང་སར་གནས་འཁོད་བོད་མི་བཙན་བྱོལ་བ་ཚོས་ཧ་ཅད་ཛ་དྲག་དང་། མི་འགྲོ་ཐུ་མེད་ཡིན་ན་མ་གཏོགས་འགྲིམ་འགྲུལ་རྩ་བ་ནས་གནང་མི་དགོས་པར་རང་གནས་སུ་བཞུགས་དགོས་པའི་ཛ་དྲག་འབོད་སྐུལ་གནང་བཞིན་ཡོད་པ་མ་ཟད། ད་ལྟ་ས་གནས་རྫོང་ལས་ཁུངས་ཀྱི་རིན་མེད་ཏོག་དབྱིབས་གཉན་རིམས་ཀྱི་ནད་རྟགས་ཡོད་མེད་བརྟག་དཔྱད་གནང་བཞིན་པ་དེར། ད་ལྟ་འགོག་དབྱེ་ཟུར་འཇོག་ཐོག་ཡོད་པའི་བོད་མི་ཚོར་ཡང་ངེས་པར་བརྟག་དཔྱད་བྱེད་དགོས་པ་གཞིས་ཆགས་ཚང་མའི་ས་གནས་འགོ་འཛིན་རྣམས་ལ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་སྔོན་འགོག་ཆེད་འཛུགས་ལས་དོན་ཚོགས་ཆུང་གིས་དོ་ནན་སྐུལ་ལྕག་གནང་འདུག
འགོག་དབྱེ་ཟུར་འཇོག་ཏུ་ཡོད་པའི་བོད་མི་དེ་དག་གི་ལུས་ཟུངས་གསོ་ཆེད་གསོ་རིག་སྨན་སྦྱིན་གནང་བཞིན་པ་དེས་ལུས་ཟུངས་གསོ་བར་ཕན་ཐོགས་འདུག་བརྗོད་མཁན་མང་པོ་བྱུང་ཡོད་འདུག
ཏོག་དབྱིབས་གཉན་རིམས་ཕོག་མཁན་བོད་མི་ཕལ་མོ་ཆེ་ཉེ་ལམ་ལྡི་ལིར་འགྲིམ་འགྲུལ་བྱས་ཡོད་འདུག ད་ལྟའི་ཆར་རྒྱ་གར་རྒྱལ་ས་ལྡི་ལིའི་གནས་སྟངས་ཧ་ཅང་ཛ་དྲག་ཡིན་སྟབས་སླར་ཡང་བོད་མི་ཚང་མར་ལྡི་ལིར་མ་ཕེབས་རོགས་ཞེས་འབོད་སྐུལ་གནང་བཞིན་འདུག །