ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡༢ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལ་རྒྱ་གར་གྱི་གྲོས་ཚོགས་གོང་མའི་གཞུང་འབྲེལ་བརྙན་འཕྲིན་ཁང་གི་ཕྱི་འབྲེལ་ལས་དོན་གསར་འགྱུར་རྩོམ་སྒྲིག་པ་སྐུ་ཞབས་ཨ་ཁི་ལེཤ་སུ་མན་ Akhilesh Suman ལགས་ཀྱིས་སྐར་མ་བརྒྱད་རིང་ཏོག་དབྱིབས་གཉན་རིམས་དང་བོད་སྨན་སོགས་ཀྱི་སྐོར་བཅར་འདྲི་ཁག་གཅིག་ཞུས་པ་གཤམ་གསལ།
ཨ་ཁི་ལེཤ་སུ་མན་ལགས་ཀྱིས། ཏོག་དབྱིབས་གཉན་རིམས་འཛམ་གླིང་གི་ས་ཕྱོགས་གང་སར་ཁྱབ་བརྡལ་དུ་ཕྱིན་ཡོད་པས། ད་ལྟ་ང་ཚོ་གཉན་འཕྲང་ཅན་གྱི་དུས་སྐབས་ཤིག་གི་འོག་གནས་བཞིན་ཡོད། བོད་པ་ཚོ་འཛམ་གླིང་གང་སར་ཁྱབ་ནས་གནས་སྡོད་བྱེད་བཞིན་ཡོད། རྒྱ་གར་ནང་དུའང་བོད་པ་མི་ཉུང་བ་ཞིག་ས་ཕྱོགས་གང་སར་ཁ་ཐོར་དུ་གནས་སྡོད་བྱེད་བཞིན་ཡོད། ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་དུ་འགྲོ་བཞིན་པའི་སྐབས་འདིར་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་གནས་སྟངས་ཅི་འདྲ་ཡིན་ནམ།
དཔལ་ལྡན་སྲིད་སྐྱོང་མཆོག་གིས། ང་ཚོར་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ ༤༢ ཙམ་ཡོད་པ་དང་། ང་ཚོས་འགོག་དབྱེ་ཟུར་འཇོག་ཁང་ ༨༣ ཙམ་གོ་སྒྲིག་ཞུས་ཡོད། ད་བར་བོད་མི་དྲུག་ལ་ཏོག་དབྱིབས་གཉན་རིམས་འགོས་འདུག ང་ཚོས་བོད་མི་སུ་འདྲ་ཞིག་ཕྱི་ལོགས་ནས་སླེབས་ཚེ་ཐད་ཀར་ཉིན་གྲངས་ ༧ ནས་ ༡༤ བར་འགོག་དབྱེ་ཟུར་འཇོག་ཁང་དུ་འཇོག་གི་ཡོད། བོད་མི་ཚོར་ཉིན་རེ་བཞིན་ཚ་གྲང་བརྟག་དཔྱད་བྱེད་པ་སོགས་ཏོག་དབྱིབས་གཉན་རིམས་སྔོན་འགོག་གང་ཐུབ་བྱེད་བཞིན་ཡོད། སྟབས་མ་ལེགས་པ་ཞིག་ལ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་བོད་པ་ཞིག་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་གྲོངས་པ་རེད།
ཨ་ཁི་ལེཤ་སུ་མན་ལགས་ཀྱིས། རྒྱ་གར་གྱི་རྒྱལ་ས་ལྡི་ལི་ལའང་འགོག་དབྱེ་ཟུར་འཇོག་ཁང་གོ་སྒྲིག་ཞུས་ཡོད་དམ།
དཔལ་ལྡན་སྲིད་སྐྱོང་མཆོག་གིས། ལྡི་ལི་བོད་སྒར་བསམ་ཡས་གླིང་དུ་འགོག་དབྱེ་ཟུར་འཇོག་ཁང་གོ་སྒྲིག་ཞུས་ཡོད། འོན་ཀྱང་ལྡི་ལིར་བོད་སྒར་བསམ་ཡས་གླིང་མ་གཏོགས་བོད་མི་མང་པོ་ཞིག་ཡུལ་མི་མཉམ་གནས་སྡོད་བྱེད་བཞིན་ཡོད་སྟབས་འགོག་དབྱེ་ཟུར་འཇོག་ཁང་གོ་སྒྲིག་ཞུ་རྒྱུ་ཅུང་ཙམ་ཁག་པོ་འདུག
ཨ་ཁི་ལེཤ་སུ་མན་ལགས་ཀྱིས། དཔལ་ལྡན་སྲིད་སྐྱོང་མཆོག་གིས་འགོག་དབྱེ་ཟུར་འཇོག་ཁང་གི་མཐུན་རྐྱེན་བསྐྲུན་པ་དེ་རྒྱ་གར་དབུས་གཞུང་དང་མངའ་སྡེ་གཞུང་གི་འགོག་དབྱེ་ཟུར་འཇོག་ཁང་ལས་ཐ་དད་རེད་དམ།
དཔལ་ལྡན་སྲིད་སྐྱོང་མཆོག་གིས། དེ་ཐ་དད་རེད། རྒྱུ་མཚན་ནི། ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་དུ་འགྲོ་བཞིན་པའི་ལྟེ་གནས་ཚོས་གཞི་དམར་པོའི་ས་ཁུལ་ནས་ཕེབས་མཁན་རྣམས་ཀྱི་ཆེད་དུ་འགོག་དབྱེ་ཟུར་འཇོག་ཁང་མཐུན་རྐྱེན་བསྐྲུན་དགོས་པ་རེད། ཅེས་རྒྱ་གར་དབུས་གཞུང་གིས་ལམ་སྟོན་གནང་ཡོད།
བོད་མིའི་སྒྲིག་འཛུགས་ནས་ཚོས་གཞི་ལི་ཁྲི་དང་ལྗང་ཁུ་ས་ཁུལ་ནས་ཕེབས་མཁན་ཡིན་མིན་ལ་མ་ལྟོས་པར། བོད་མི་སུ་འདྲ་ཞིག་ཕྱི་ལོགས་ནས་ཕེབས་པ་ཡིན་ན་འགོག་དབྱེ་ཟུར་འཇོག་ཁང་དུ་འཇོག་གི་ཡོད། ད་ལྟའི་ཆར་ཏོག་དབྱིབས་གཉན་རིམས་ལ་དམིགས་བསལ་གྱི་སྨན་བཅོས་མེད་སྟབས་སྔོན་འགོག་ཡག་ཤོས་འགོག་དབྱེ་ཟུར་འཇོག་ཁང་གི་མཐུན་རྐྱེན་བསྐྲུན་རྒྱུ་དང་། སྤྱི་ཚོགས་རྒྱང་བཀྱེད་བྱེད་རྒྱུ་དེ་རེད། ང་ཚོའི་ངོས་ནས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ལ་ཟླ་བ་གཅིག་གི་ནང་དུག་སེལ་སྨན་ཆུ་ཐེངས་གཉིས་ཙམ་རེ་གཏོར་དང་གཏོར་བཞིན་ཡོད་པ་མ་ཟད། ནད་ཡམས་སྔོན་འགོག་སླད་དུ་བོད་མི་ཚོར་བོད་སྨན་སྤྲད་དང་སྤྲོད་མུས་ཡིན། དེ་བཞིན་རྒྱ་གར་ནང་ཡོད་པའི་བཙན་བྱོལ་བོད་མིའི་གཞིས་ཆགས་དང་། དགོན་སྡེ། སློབ་གྲྭ་ཁག་སོགས་ཐེམ་སྤང་བཀའ་རྒྱ་ལག་བསྟར་གནང་བཞིན་ཡོད།
ཨ་ཁི་ལེཤ་སུ་མན་ལགས་ཀྱིས། བོད་སྨན་རྒྱ་གར་གྱིས་གཙོས་འཛམ་གླིང་གི་ས་ཁུལ་མང་པོ་ཞིག་གི་ནང་སྙན་གྲགས་ཆེན་པོ་ཆགས་ཡོད། ཏོག་དབྱིབས་གཉན་རིམས་ནད་རྟགས་ཐོན་མཁན་རྣམས་ལ་བོད་སྨན་གྱིས་ཕན་ཐོགས་ཇི་ཙམ་འབྱུང་གི་ཡོད་དམ།
དཔལ་ལྡན་སྲིད་སྐྱོང་མཆོག་གིས། སྤྱིར་བཏང་བོད་སྨན་ལོ་ངོ་སྟོང་ཕྲག་རིང་གི་ལོ་རྒྱུས་ལྡན་པ་མ་ཟད། བོད་སྨན་ལ་བསྟེན་ནས་ཐ་ན་འབྲས་ནད་རིགས་དྲག་སྐྱེད་བྱུང་བའི་ལོ་རྒྱུས་ཀྱང་ཡོད། སྤྱིར་བོད་སྨན་ལ་ཕན་ཡོན་ཧ་ཅང་མང་པོ་ཡོད་ཅིང་། ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་དུ་འགྲོ་བཞིན་པའི་སྐབས་འདིར་བོད་སྨན་མཆོད་ན་ལུས་ཟུངས་གསོ་བ་དང་སེམས་ཁམས་ཀྱི་དཀའ་ངལ་རྣམས་སེལ་བར་ཕན་ཡོན་ཧ་ཅང་ཆེན་པོ་ཡོད། ལྷག་པར་སེམས་ཁམས་ཀྱི་དཀའ་ངལ་སེལ་བར་ཨ་གར་སོ་ལྔ་མཆོད་ན་ཕན་ཡོན་ཧ་ཅང་ཆེ། གཉན་འཕྲང་ཅན་གྱི་དུས་སྐབས་འདིར་ངས་གསར་འགོད་པ་རྣམས་ལ་བོད་སྨན་མཆོད་རོགས་གནང་ཞེས་ཞུ་རྒྱུ་ཡིན། རྒྱ་གར་རྒྱལ་ཡོངས་སུ་བོད་ཀྱི་སྨན་རྩིས་ཁང་གི་ཡན་ལག་བཙུགས་ཡོད། དཔེར་ན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནི་ཛམ་མུ་དིན་ Nizammudin ཁུལ་དུའང་བོད་ཀྱི་སྨན་རྩིས་ཁང་གི་ཡན་ལག་ཅིག་ཡོད། འཛམ་གླིང་གི་ནད་པ་མང་པོ་བཞུགས་སྒར་རྡ་ས་བོད་ཀྱི་སྨན་རྩིས་ཁང་ལ་སྨན་བཅོས་ཆེད་ཕེབས་གནང་གི་ཡོད། བོད་མིིའི་སྒྲིག་འཛུགས་ནས་སྨན་པ་དང་། སྨན་ཞབས་པ། ནད་པ། དགུང་ལོ་ ༦༥ ཡན་སོན་པ་རྣམས་ལ་བོད་སྨན་ཤོག་བཏུམས་ཆིག་ཁྲི་ལྷག་སྨན་སྦྱིན་གནང་ཡོད།
ཨ་ཁི་ལེཤ་སུ་མན་ལགས་ཀྱིས། རྒྱ་གར་ནང་གནས་སྡོད་བྱེད་བཞིན་པའི་བཙན་བྱོལ་བོད་མིའི་ཆ་སྙོམས་ཀྱི་ལོ་ག་ཚོད་ཡིན་ནམ།
དཔལ་ལྡན་སྲིད་སྐྱོང་མཆོག་གིས། རྒྱ་ནག་གཞུང་གིས་བོད་དབང་སྒྱུར་བྱས་རྗེས་བོད་ནས་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་པའི་བོད་མི་ཁག་གཅིག་ལོ་དགུ་བཅུ་གོ་གྲངས་ལ་ཕེབས་ཡོད་པ་མ་གཏོགས་རྩ་བའི་ཆ་ནས་བོད་མི་བྱིངས་རྒྱ་གར་མི་འབོར་གྱི་ཆ་སྙོམས་ལོ་དང་གཅིག་མཚུངས་རེད་བསམ་གྱི་འདུག
ཨ་ཁི་ལེཤ་སུ་མན་ལགས་ཀྱིས། བོད་སྨན་བཟོ་སྟངས་སྲོལ་རྒྱུན་ལྟར་སྨན་རྩྭས་བཟོ་བཞིན་ཡོད་དམ། དེང་སང་བོད་སྨན་ནང་རྫས་སྦྱོར་རིགས་ཡོད་དམ།
དཔལ་ལྡན་སྲིད་སྐྱོང་མཆོག་གིས། ཧི་མ་ལ་ཡ་རི་རྒྱུད་ལ་དྭགས་དང་། འབྲས་ལྗོངས། ལ་ཧུལ་དང་སྤྱི་ཏི་ཁུལ་ནས་སྨན་རྩྭ་བཏུས་ཏེ་བོད་ཀྱི་སྨན་རྩིས་ཁང་དུ་བོད་སྨན་བཟོ་ཡི་ཡོད། བོད་སྨན་བརྒྱ་ཆ་ ༩༦ ནས་ ༩༧ སྨན་རྩྭས་བཟོ་བཞིན་ཡོད།
ཨ་ཁི་ལེཤ་སུ་མན་ལགས་ཀྱིས། ཧི་མ་ལ་ཡ་རི་རྒྱུད་ཁུལ་དུ་སྨན་རྩྭ་འཐུ་སླད་ཆེད་ལས་པ་རྣམས་འགྲོ་དགོས་པ་རེད་དམ།
དཔལ་ལྡན་སྲིད་སྐྱོང་མཆོག་གིས། བོད་ཀྱི་སྨན་རྩིས་ཁང་དུ་བོད་ཀྱི་གསོ་བ་རིག་པ་སློབ་སྦྱོང་གནང་བཞིན་པའི་སློབ་མ་དང་སྨན་པ་རྣམས་སྨན་རྩ་འཐུ་སླད་འགྲོ་དགོས་རེད། སྐབས་རེ་ས་གནས་ཀྱི་ཞིང་པ་དང་འབྲོག་པ་གླས་ནས་སྨན་རྩྭ་འཐུ་འཇུག་གི་ཡོད།
ཨ་ཁི་ལེཤ་སུ་མན་ལགས་ཀྱིས། ཧ་ཅང་ཡག་པོ་རེད། དཔལ་ལྡན་སྲིད་སྐྱོང་མཆོག་ལ་ཐུགས་རྗེ་ཆེ་ཞུ།
དཔལ་ལྡན་སྲིད་སྐྱོང་མཆོག་གིས། ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་ལན་འདེབས་གནང་།།