ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡༥ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡༥ ཉིན་གྱི་སྔ་དྲོ་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དྲ་རྒྱ་བརྒྱུད་རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ས་གནས་འགོ་འཛིན་རྣམས་ལ་བོད་མིའི་སྒྲིག་འཛུགས་ནས་ཏོག་དབྱིབས་གཉན་རིམས་སྔོན་འགོག་དང་འབྲེལ་བའི་མཐུན་རྐྱེན་ཅི་ཞིག་དགོས་མིན་ཐད་རྒྱུས་ལོན་གནང་ཡོད། དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་དེ་བཞིན་འཛམ་གླིང་གི་ས་ཕྱོགས་གང་སར་ཁྱབ་བརྡལ་དུ་འགྲོ་དང་འགྲོ་བཞིན་ཡོད་པ་མ་ཟད། རྒྱ་གར་ནང་དུའང་ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་དུ་འགྲོ་བཞིན་ཡོད་པས་ནད་ཡམས་དེ་ཉིད་སྔོན་འགོག་བྱེད་པར་ས་གནས་འགོ་འཛིན་རྣམས་ལ་འགན་འཕར་མ་ཡོད་པ་དང་།
ཏོག་དབྱིབས་གཉན་རིམས་ལ་དམིགས་བསལ་གྱི་སྨན་བཅོས་མེད་སྟབས་ཕྱི་ལོགས་ས་ཁུལ་འདྲ་མིན་ནས་ཕེབས་མཁན་བོད་མི་སུ་འདྲ་ཞིག་ཡིན་རུང་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་རྒྱུ་དེ་སྨན་བཅོས་ཡག་ཤོས་རེད། ཅེས་དང་། བོད་མི་ཚོ་ཕྱི་ལོགས་སུ་ངེས་པར་དུ་ཕེབས་དགོས་ན་མ་གཏོགས་མི་ཕེབས་རྒྱུ་གཙོ་འདོན་གནང་དགོས། བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་དགུང་ལོ་ ༦༥ ཡན་སོན་པ་རྣམས་ལ་བོད་སྨན་རིན་མེད་སྨན་སྦྱིན་གནང་དང་གནང་བཞིན་ཡོད་པ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ནས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ལ་ཏོག་དབྱིབས་གཉན་རིམས་སྔོན་འགོག་དང་འབྲེལ་བའི་མཐུན་རྐྱེན་ཅི་ཞིག་དགོས་ཀྱང་གནང་ངེས་ཡིན། ཞེས་དང་།
གཞན་ཡང་བོད་མིའི་སྒྲིག་འཛུགས་ནས་རྒྱུ་ནོར་ལས་ཚེ་སྲོག་གལ་ཆེ་བ་རྩི་བཞིན་ཡོད་སྟབས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་ལྟོ་གོས་ཀྱིས་ཕོངས་ཡོད་ན་མ་གཏོགས་གནས་སྐབས་རིང་ཚོང་ཁང་ཁག་སྒོ་མ་འབྱེད་རོགས་ཞེས་གསུངས་རྗེས། དཔལ་ལྡན་སྲིད་སྐྱོང་མཆོག་གིས་སླར་ཡང་དྲ་རྒྱ་བརྒྱུད་རྒྱ་གར་དང་བལ་ཡུལ་གངས་ཅན་བདེ་རྩའི་སྨན་ཁང་གི་འགན་འཛིན་རྣམ་པ་དང་། སྨན་པ། སྨན་ཞབས་པ། དྭང་བླངས་པ་རྣམས་ནས་དུས་ཚོད་གཉན་འཕྲང་གི་སྐབས་འདིར་མི་མང་ལ་ཞབས་འདེགས་ཧུར་ཐག་འབད་ཐག་གིས་བསྒྲུབས་དང་སྒྲུབ་བཞིན་ཡོད་པར་རྗེས་སུ་ཡི་རངས་དང་། ད་དུང་ཡིན་ཡང་ཏོག་དབྱིབས་གཉན་རིམས་སྔོན་འགོག་སླད་དུ་མུ་མཐུད་སེམས་ཤུགས་བསྐྱེད་ནས་ཧུར་བརྩོན་གནང་དགོས་པའི་འབོད་སྐུལ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ནས་ཐེ་ཝན་ལ་ཁ་རས་འབུམ་གཅིག་མངགས་ཡོད་པ་རྣམས་ཕྱི་ཟླ་བདུན་པའི་ནང་འབྱོར་བའི་རེ་བ་ཡོད། ཅེས་གསུངས།
ཕྱོགས་མཚུངས་སྐུའི་བོད་ལུགས་བླ་སྨན་པ་ཚེ་དབང་རྟ་མགྲིན་ལགས་དང་ཕྱི་ལུགས་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་རྣམ་གཉིས་ནས་སྨན་ཁང་གི་འགན་འཛིན་རྣམ་པ་དང་། སྨན་པ། སྨན་ཞབས་པ། དྭང་བླངས་པ་སོགས་ནས་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་ལས་དོན་རྣམས་ཧུར་ཐག་གིས་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་ཡོད། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་དང་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་རྣམ་གཉིས་ཀྱང་མཉམ་ཞུགས་གནང་ཡོད་པ་བཅས།།